སུམ་ཅུའི་དུས་དྲན་ཐེངས་ ༤༩

15/01/2009 22:57

༄༅། སུམ་ཅུའི་དུས་དྲན་ཐེངས་ ༤༩ པའི་ཐོག་

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་

རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན།

 

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ཕྱིར་དྲན་འོས་པའི་བོད་

མིའི་འཐབ་རྩོད་ཀྱིསྙིང་སྟོབས་མངོན་པར་གསལ་བའི་གཟི་བརྗིད་ཀྱི་ཟིན་ཐོ་དང༌། རྒྱ་རྒོལ་བོད་སྐྱོབ་ཀྱི་

འགུལ་ཤུགས་མདུན་དུ་སྐུལ་བའི་ཉིན་མོ་གལ་ཆེན་ཞིག་སྟེ། རྒྱ་དམར་སྲིད་གཞུང་གིས་བོད་རྒྱལ་ཁབ་

ཆེན་པོའི་ལོ་རྒྱུས་འཁྱོག་བརྗོད་ཧམ་བཤད་ངང་ཕྱི་ལོ་ ༡༩༤༩ ལོར་བོད་དུ་བཙན་འཛུལ་འགོ་ཚུགས་ཤིང༌། མཐར་བོད་ཀྱི་རྒྱལ་ས་བཙན་བཟུང་དང་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་ྋགོང་ས་མཆོགགི་སྐུ་ཕྱྭ་ལ་ཡང་

མཐོ་བཤམས་པའི་ངན་ཇུས་དང་བཙན་འཛུལ་ལ་བོད་མི་རང་ཉིད་ནས་འགོག་རྒོལ་གྱིས་བོད་རྒྱལ་ཁབ་བརྟན་

སྲུངསླད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཁྲི་ཚོ་དུ་མས་དགྲ་བོའི་དྲག་མཚོན་

གྱི་ཀློང་ནས་བོད་རང་བཙན་གཙང་མ་ཡིན་པའི་འབོད་སྒྲའི་ཁྲོད་རྒྱ་རྒོལ་བོད་སྐྱོབ་ཀྱི་སྒེར་ལངས་བྱས་ཏེ། བོད་

རང་བཙན་སླར་གསོའི་དམ་བཅའ་ཟུངས་ཁྲག་དང་ཚེ་སྲོག་གིས་བཞག་ནས་མི་ལོ་ ༤༩ ཧྲིལ་པོ་འཁོར་བའི་རླབས་

ཆེན་གྱི་དུས་ཚིགས་ཐེངས་ ༤༩ པ་ཡིནཔས། ད་བར་བློས་བཏང་མཁན་གྱི་རླབས་ཆེ་བའི་རྒྱལ་གཅེས་དཔའ་བོ་

དཔའ་མོ་ཡོངས་ལ་དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྗེས་དྲན་གུས་འདུད་དང༌། གཞོན་ནུའི་རང་བཙན་

གཙང་མའི་འཐབ་རྩོད་དང་ཆོད་སེམས་ལ་ནམ་ཡང་འགྱུར་བ་མེད་པའིབསྐྱར་བསྒྲགས་ནན་གྱིས་ཞུ་རྒྱུ་ཡིན། རྒྱ་དམར་གྱི་གདུག་རྩུབ་དྲག་གནོན་ལ་མ་ལྟོས་པར་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱུན་འཁྱོངས་རང་བཞིན་དང༌། ལྷག་པར་སྔ་ལོར་རུང་རྒྱས་ཨ་གྲགས་དང་འབོ་རའི་སློབ་ཕྲུག་སོགས་གཞིས་ལུས་བོད་མི་རྣམས་ཀྱིས་དགྲ་བོའི་དྲག་

གནོན་དང་མནར་གཅོད་ལ་མ་འཛེམས་པར་བོད་རང་བཙན་གྱི་འབོད་སྒྲ་མངོན་གྱུར་རྒྱ་ཁྱབ་ཏུ་བསྒྲགས་དང་སྒྲོག་

བཞིན་པ་བཅས་ནི། བོད་མི་རྣམས་ཀྱིས་སེམས་དབུས་སུ་བོད་རང་བཙན་གྱི་མངོན་འདོད་དང་ཆོད་སེམས་ཉམས་པ་མེད་

པའི་མཚོན་རྟགས་ཤིག་ཡིན་ལ། ང་ཚོ་གངས་ཅན་པ་ཡོངས་དང༌། ལྷག་པར་བོད་རིགས་ན་གཞོན་རྣམས་ནས་འདས་པའི་

རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པས་ལོ་རྒྱུས་ཀྱི་བདགདབང་དང་བོད་ཀྱི་མདུན་ལམ་ཆེད་རྩ་ཆེའི་ལུས་སྲོག་བློས་བཏང་

གནང་བར་གུས་འདུད་རྗེས་དྲན་དང༌། ཁོང་ཚོའི་སྙིང་སྟོབསདང་ཆོད་སེམས་ཀྱིས་མཐའ་སྣེར་འཇུས་ཏེ་བོད་རང་བཙན་

སླར་གསོའི་འགན་འཁུར་རང་འགན་རང་ཁྱེར་གཡོ་ཟོལ་མེད་པ་ཞུ་དགོསནི། ལས་འབྲས་དང་མི་ཆོས་རིང་ལུགས་ཀྱི་བཟང་

སྤྱོད་དང༌། བོད་དང་བོད་མིའི་འབྱུང་འགྱུར་གྱི་མདུན་ལམ་ཉག་གཅིག་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚོན་ན་ཡང༌། བོད་རང་བཙན་གཙང་མ་རྩོད་ལེན་ཆེད་གསར་འཛུགས་ཞུས་པ་བཞིན། ལྷན་ཚོགས་འདི་ཉིད་ཚུགས་ནས་ད་བར་ལོ་ངོ་ ༣༨ རིང་ཕྱི་ནང་གི་གནོན་ཤུགས་དང་འགྱུར་འགྲོས་མཐའ་དག་ལ་གདོང་ལེན་བྱསཏེ་རང་བཙན་གཙང་མའི་ལངས་ཕྱོགས་བརྟན་

བཟུང་ངང༌། རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་ཏེ། བོད་ཀྱི་བདེན་དོན་དང་བོད་དོན་འཐབ་རྩོད་ཀྱི་གནས་

བབ་རྒྱལ་སྤྱིའི་གླེང་སྟེགས་ཁྲོད་གསལ་སྟོན་དང་རྩོད་ལེན་བྱ་རྒྱུའི་ཆ་ཤས་བླངས་དང་ལེན་མུས་ཡིན་ལ། དེ་རིང་གི་གོ་སྐབས་འདི་

བརྒྱུད་འཛམ་གླིང་ནང་ང་ཚོའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང༌། འབྱུང་འགྱུར་ཡང་བོད་

དོན་བདེན་རྒྱབ་སྔར་ལྷག་ཡོང་བའི་རེ་འབོད་ཞུ་རྒྱུ་ཡིན། ང་ཚོས་མུ་མཐུད་རང་བཙན་རྩོད་ལེན་བྱེད་པ་ནི། སྟོབས་ཆེན་དགྲ་བོའི་

མདུན་དུ་ལྐུགས་པ་ཨུ་ཚུགས་དང་འགྲུབ་རྒྱུ་མེད་པའི་རེ་སྟོངས་ཤིག་ལ་འབད་རྩོན་བྱེད་པ་མིན་པར། བོད་རང་བཙན་དེ་ཉིད་ངེས་

པར་འགྲུབ་ངེས་པ་དང་བསྒྲུབ་དགོས་པའི་གཞི་རྩ་ཆེཤོས་ནི། བདེན་དོན་གྱི་ལོ་རྒྱུས་དང༌། ཕྱི་ལོ་ ༡༩༤༩ ནས་ད་བར་མི་ལོ་ ༦༠ རིང་རྒྱ་ནག་གིས་བོད་ལ་བཞག་པའི་ཁྲག་དང་མིག་ཆུའི་ཤ་འཁོན་བརྗེད་ཐབས་མེད་པ་དང༌། དེ་བཞིན་བོད་དང་བོད་མིའི་

མ་འོངས་པའི་ཕུགས་རྒྱང་རིང་པོའི་མདུན་ལམ་བཅས་ཡིན། དེ་ལྟར་རང་བཙན་རྩོད་སྒྲུབ་བྱེད་པའི་བླ་མེད་ཀྱི་སྟོབས་ཤུགས་

ནི་ང་ཚོ་བོད་མི་ཡོངས་μོགས་དགྲ་གཉེན་མ་ནོར་བའི་ཐོགནས་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ལས་ལྷག་པ་ཅི་ཡང་མེད། མདོར་ན། འདས་དུས་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདག་པོ་ང་ཚོ་བོད་མི་རྣམས་ཡིན་པ་བཞིན།  འབྱུང་འགྱུར་རང་བཙན་

གཙང་མ་བསྐྱར་ལེན་གྱི་ལོ་རྒྱུས་གསར་པ་དེ་ཡང་གཙོ་བོ་ང་ཚོ་བོད་མི་རྣམས་ཀྱིས་བདེན་དོན་ལ་ཡིད་ཆེས་དང་ངོས་

འཛིན་གསལ་པོའི་སྒོ་ནས་འགྱུར་བ་མེད་པའི་ཆོད་སེམས་དང་ཆིག་སྒྲིལ་གྱི་འབད་རྩོན་ལ་རག་ལས་ཡོད་པས། འཐབ་རྩོད་ཀྱི་གཡུལ་སའི་ཁྲོད་དགྲ་བོའི་གཡོ་འཕྲུལ་དབྱིན་སྦྱོར་དང་རྨོངས་པའི་དབང་དུ་མ་སོང་བར་རང་ནུས་

གཅིག་ཏུ་སྤུངས་རྒྱུའི་དྲན་སྐུལ་དང་གསལ་འདེབས་བོད་རིགས་ཡོངས་ལ་ཞུ་རྒྱུ་ཡིན།  ད་བར་བོད་རྒྱ་བར་གྲོས་མོལ་

ཐེངས་དྲུག་ཙམ་ཕྱིན་པའི་བརྒྱུད་རིམ་ནང་བོད་གཞུང་གིས་ལྷག་བསམ་རྣམ་དག་དང་གུ་ཡངས་ཡོད་ཚད་གནང་ཡང༌། རྒྱ་ཕྱོགས་ནས་དེ་ལས་ཟློག་སྟེ་བོད་ནང་དམ་དྲག་ཇེ་ཆེ་དང་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་བསམ་བརྗོད་ལས་

འདས་པའི་མཚན་སྨོད་ཤུགས་ཆེ་ཞུས་པ་མ་གཏོགས། བོད་རྒྱ་ཞི་མོལ་ལ་བཟང་ཕྱོགས་ཀྱི་གོམ་སྟབས་དང་འགྱུར་བ། ང་ཚོར་ཁེ་ཕན་འདི་ཡིན་ཟེར་བ་མང་ཚོགས་ནས་ཤེས་རྟོགས་མེད་པས། དེ་སྔོན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་བཞིན། རང་གཞུང་གི་མཛད་གཙོ་རྣམ་པས་དུས་འགྱངས་མ་སོང་བར་བོད་རྒྱ་ཞི་མོལ་དེ་ཉིད་བཟང་ཐག་ངན་ཐག་ཆོད་པ་ཞིག་ཏུ་

གང་མྱུར་སྐུལ་འདེད་ཀྱིས་ང་ཚོའི་དུས་ཚོད་མ་ཤོར་བ་དང༌། ལྷག་པར་ཞི་མོལ་གྱི་ཆེད་དུ་ལོ་རྒྱུས་ཀྱི་གནས་བབ་བློས་གཏོང་

དང་འཁྱོགབཤད་མི་ཡོང་བ་གཙིགས་འཛིན་གནང་གལ་ཆེ་བ་ནན་གྱིས་ཞུ་རྒྱུ་ཡིན།      རྒྱ་གཞུང་གིས་རྟག་ཏུ་བོད་

ནང་ཡར་རྒྱས་དང༌། རང་དབང༌། བདེ་སྐྱིད་ཡོད་ཚུལ་ཧམ་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང༌། དོན་དངོས་ཐོག་རྒྱ་དམར་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་བོད་ཀྱི་རྩ་ཆེའི་གནའ་μས་གཏོར་བཅོམ་

བཙན་འཕྲོགས་དང༌། བོད་མི་ས་ཡ་གཅིག་ལྷག་གི་རྩ་ཆེའི་ཚེ་སྲོག་འཕྲོགས་པ་མ་ཟད། ལོ་སྔ་མ་གཅིག་པུར་མཚོན་ན་ཡང་མེ་འཁོར་ལྕགས་ལམ་བརྒྱུད་བོད་ཀྱི་གཏེར་ཁ་དབོར་ཁྱེར་དང༌། རྒྱ་མི་རིགས་ཁྱོན་ཆེ་བོད་དུ་གནས་སྤོས་ཀྱིས་བོད་མི་རྣམས་ཆེས་གྲངས་ཉུང་ཅན་དང་བོད་ཡུལ་རྒྱ་ཡུལ་ངོ་

མར་བསྒྱུར་དང་སྒྱུར་བཞིན་མི་སེར་སྤེལ་བའི་སྲིད་ཇུས་གདུག་རྩུབ་ཇེ་ཆེར་བཏང་བ་དང༌། དེབཞིན་གུ་རུའི་

སྐུ་བརྙན་གཏོར་བཤིགས་དང༌། ཡིག་ཆ་ཨང་ལྔ་པ་ཟེར་བ་གསར་བཟོ་ཕྱིར་བསྒྲགས་བྱས་པ། རུང་རྒྱས་ཨ་གྲགསསོགས་

བོད་མིའི་མངོན་འདོད་གསལ་སྟོན་བྱེད་མཁན་བོད་མི་མང་དག་ཅིག་འཛིན་བཟུང་བཙོན་འཇུག་གིས་ཁྱོན་ཡོངས་

ནས་བོདནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཧ་ཅང་ཡིད་སྐྱོ་ཞིང་བློ་ཚབས་དགོས་པའི་

གནས་སུ་གྱར་ཡོད་པ་མ་ཟད། དགོན་སྡེ་གྲྭ་ཚང་དང༌། དྲྭ་རྒྱ་སྒོ་བརྒྱབ་པ་སོགས་རིག་གནས་གསར་བརྗེ་གཉིས་པ་

ལྟ་བུའི་ལས་འགུལ་སྤེལ་བཞིན་ཡོད་པས། བོད་མི་རྣམས་ཀྱིས་ངེས་པར་དེ་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་དང་

རྒྱ་གཞུང་གི་གདོང་རིས་ངོ་མ་རྒྱལ་སྤྱིའི་ཁྱོན་དུ་གསལ་སྟོན་དགོས་ལ། ལྷག་དོན་ད་བར་རང་བཙན་འཐབ་

རྩོད་ཀྱི་བརྒྱུད་རིམ་ནང་བྱུང་མ་མྱོང་བའི་འདི་ལོའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་གོ་སྐབས་དམ་བཟུང་གིས་དེ་བས་

ཀྱང་བོད་རང་བཙན་གྱི་བདེན་དོན་དང་བོད་ནང་གི་དཀའ་སྡུག་སོགས་བོད་ཀྱི་གནས་བབ་རྒྱལ་སྤྱིའི་ཁྱོན་དུ་

གསལ་སྟོན་དང༌། བོད་དོན་འཐབ་རྩོད་ཀྱི་གོམ་པ་མདུན་དུ་སྤོ་རྒྱུའི་དུས་ཚིགས་གལ་ཆེན་ཞིག་ཡིན་པས། ངེས་པར་བོད་མི་ཚང་མས་ཁ་སྟོངས་ཚིག་སྟོངས་དང་ནང་ཁུལ་གཏོར་བརླག་གི་ལོག་ལམ་དུ་མ་ཕྱིན་པར་རྣམ་

དཔྱོད་དང་ཆིག་སྒྲིལ་རང་བཞིན་གྱི་ལས་འགུལ་གནོངས་འགྱོད་མེད་པ་སྤེལ་གལ་ཆེ། རྒྱ་གཞུང་གིས་ཧམ་བཤད་བྱས་པ་ལྟར་ང་ཚོ་ནི་རྒྱ་ནག་གི་ཆ་ཤས་དང་ཀླ་ཀློའི་མི་རིགས་ཤིག་མ་ཡིན་པར། གངས་ཅན་པའི་མི་རིགས་དང་རྒྱལ་ཁབ་བྱུང་ནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་རིང༌། བོད་མི་རིགས་ནི་སྙིང་

སྟོབས་དང་རིགས་ཞེན་ལ་རྒྱ་ལྡན་ཞིང༌། ཕུན་སུམ་ཚོགས་པའི་རིག་གཞུང་དང་རང་བཙན་གྱི་བདག་

དབང་ལོངས་སུ་སྤྱད་ནས་འཚོ་གནས་བྱས་པའི་ལོ་རྒྱུས་རང་བཞིན་གྱི་མི་རིགས་ཤིག་ཡིན་པ་མ་ཟད། དུས་རབས་བདུན་པ་དང་བརྒྱད་པའི་ནང་ང་ཚོ་ནི་གླིང་ཆེན་ཨེ་ཤ་ཡའི་ནང་ཆེསསྟོབས་ཆེ་ཤོས་ཀྱི་མི་

རིགས་ཤིག་དང་རྒྱལ་ཁབ་ཅིག་ཡིན་ལ། ཉེ་བའི་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་ཡང་དགྲ་བོས་བཙན་

གནོན་ཇི་ལྟར་བྱས་ཀྱང་ནམ་ཡང་སྙིང་སྟོབས་དང་རིགས་ཞེན་མ་ཉམས་པར་མི་ལོ་ ༦༠ རིང་འཐབ་རྩོད་རྒྱུན་འཁྱོངས་ངང་བོད་མི་རྣམསད་ལྟའི་རྒྱ་ནག་གི་བཙན་དབང་ལས་གྲོལ་རྒྱུ་དང་

བོད་ཀྱི་མ་འོངས་པར་ཁ་ཕྱོགས་ཡོད། དེ་ནི་ང་ཚོ་བོད་མི་རྣམས་ཀྱི་མཚོན་རྟགསཤིག་

དང་བོད་ཀྱི་མ་འོངས་པའི་མདུན་ལམ་ཡིན། ད་དུང་ཡང་རྒྱ་གཞུང་གིས་སྔར་ལྟར་བོད་མི་རིགས་ལ་

མཐོང་ཆུང་དང་གནས་དུས་ཚོད་རྩིས་མུ་མཐུད་བྱས་ཏེ། བོད་ཀྱི་རྩ་དོནནམ་ཞིག་རྩ་མེད་རང་ཡལ་འགྲོ་རྒྱུའི་ངན་འཆར་

སྒྲིག་པ་ནི་བོད་མི་རིགས་ལ་ཆེས་མཐོང་ཆུང་དང་རེ་སྟོངས་ཁོ་ན་ཞིག་ཡིན། གང་ལགས་ཞེ་ན། ང་ཚོ་ནི་ལོ་རྒྱུས་ཀྱི་བདག་པོ་དང་ང་ཚོའི་ཁྲག་རྒྱུན་ང་ཚོའི་བདག་དབང་ལ་འབྲེལ་ཡོད་པས། གོ་ལའི་ཁྱོན་ནས་བོད་མིའི་ཁྲག་རྒྱུན་མ་བསྐམས་པར་བོད་རང་བཙན་གྱི་འཐབ་རྩོད་ནམ་ཡང་ཡལ་མི་སྲིད་པའི་

ཆོད་སེམས་བརྟན་པོ་ཡོད་པ་རྒྱ་ནག་གཞུང་ལ་ནན་བརྗོད་བྱ་རྒྱུ་ཡིན།

མཐའ་དོན་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང། བོད་རང་བཙན་གཙང་མའི་རྒྱལ་ཁའི་ཁྲོད་མི་རིང་བར་གཞིས་བྱེས་ལྷན་འཛོམས་ཡོང་བའི་རེ་སྤོབས་བཅས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་བོད་རྒྱལ་ལོ་ ༢༡༣༥ ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ལ།།

བོད་རང་བཙན་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ།

 


 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།