སྨོན་འདུན་གྱི་ལམ་ཚོ།

15/01/2009 00:03

 སྨོན་འདུན་གྱི་ལམ་ཚོ།

 ཁྱེད་སྐུ་བླ་མེད་འོད་ཟེར་སེར་པོ་ཕྱོགས་ཀུན་འཕྲོས།།

ཁྱེད་གསུང་སྙན་པའི་དབྱངས་གྱི་རྔ་གསང་ཕྱོཌ་བཅུར་ཁྱབ།།

ཁྱེད་ཐུགས་ལྷད་མེད་ཞི་བདེའི་ཁ་བ་ལྷག་ཏུ་འབབ།།

འཛམ་གླིང་གཙུག་རྒྱན་ནོར་བུ་ཁྱེད་ལ་ཕྱག་འཚལ་ལོ།།

 

བརྩེ་བའི་ཕ་མ་རྒྱང་དུ་ལུས་པའི་མུ་ཏོ་བ།།

རྒྱང་རིང་ས་མཐའི་གྲུ་ཁ་འདི་ན་ཧ་ཅང་སྐྱོ།།

བསོད་ནམས་དམན་པའི་གངས་རིའི་འགྲོ་བ་སྐྱོབ་པ་ལ།།

པད་དཀར་ཅན་གྱི་ཐུགས་རྗེའི་ཞགས་པ་མྱུར་དུ་བསྲིངས།།

 

ཉ་པས་ཟས་ཀྱིས་བསླུ་བྲིད་སྟེར་བཞིན་གཤེད་མ་ཚོའི།།

ཧམ་སེམས་གཡོ་རྒྱུའི་གར་གྱི་སྟངས་སྟབས་མཐོན་པོ་ལ།།

གྲུ་འཛིན་བདག་པོས་བདེན་པའི་རལ་གྲི་འཕྱར་ནས་སུ།།

གཉིད་དུ་ཡུར་བའི་སྤུན་ཟླ་རྣམས་ལ་བརྡ་ཞིག་སྩོལ།།

 

གཞན་ཡུལ་འགྲིམས་ན་ཤེས་ཡོན་བགོ་སྐལ་བཟང་མོད་ཀྱང༌།།

བརྩེ་བའི་ཡུམ་ཆེན་ཡང་ཡང་དྲན་ནས་སེམས་པ་སྨྲེང༌།།

འཛིན་ཐབས་མེད་པའི་གཟུགས་མེད་སེམས་འདི་བཅོས་ཐབས་སུ།།

ཡུམ་ཆེན་མ་གཏོགས་བཅོས་མིན་སྨན་ཞིག་འདི་ན་དཀོན།།

 

 

གཏན་གྱི་འདུན་མ་རྣམ་གཡེང་བཙན་པོའི་དབང་ཤོར་ནས།།

བར་མེད་དུས་ཚོད་མྱུར་མོར་འགྲོ་བ་མ་ངེས་ལ།།

ཕ་ཡུལ་གནས་སྟངས་ཛ་དྲག་འདི་ཡང་མ་ཚོར་ནས།།

ཆོས་སྐྱོང་སྲུང་མས་ད་ནི་སྐུལ་བ་གཏོང་རན་འདུག།

 

དལ་བརྒྱད་འབྱོར་བཅུའིལུས་རྟེན་ཐོབ་པ་དགའ་དགོས་ཀྱང༌།།

མི་ཡུལ་དམྱལ་བའི་གཤིན་རྗེ་དམར་པོའི་གཏུམ་དྲག་འདིས།།

ང་དང་སྤུན་ཟླའི་རིགས་རྒྱུད་ཟད་པའི་ངང་ཚུལ་ལས།།

བདག་གི་ཡིད་ལ་དགའ་བ་སྒོམ་རྒྱུ་མི་འདུག་གོ།

 

བསིལ་ལྡན་ཡུལ་ལྗོངས་ཕ་སའི་ཁྱིམ་གཞིར་འདྲེ་ལག་བརྐྱངས།།

ཕ་སའི་བདག་པོ་འཇིགས་པས་མ་བཟོད་ཕྱོགས་སུ་འཐོར།།

འཁོགས་པའི་བགྲེས་སོང་ཡིད་ཐང་ཆད་དེ་གཤེགས་འགྲོ་བའི།།

ཡུལ་ལྷ་གཉན་པོ་ད་ནི་སྤྱན་གྱིས་གཟིགས་པར་མཛོད།།

 

མལ་སའི་ནང་དུ་བསམ་གཞིག་འཁོར་ལོ་བསྐོར་བས་ན།།

གཞིས་བྱེས་གཉིས་ཀར་བརྙན་བཅོས་ཆར་གྱི་རྒྱུན་མི་ཆད།།

ཆར་གྱི་ཐིགས་པ་ཁོག་ལ་འཁྱིལ་བའི་གདུང་བ་འདི།།

མྱུར་དུ་ཞི་བའི་ཐབས་ལམ་སྩོལ་ཞིག་མཆོག་གསུམ་ཀྱེ།།

 

ཞི་བདེའི་འདྲེན་པའི་འཛམ་གླིང་འགྲོ་བའི་དཔལ་ཤར་ནས།།

བདག་དང་བདག་འདྲའི་གངས་རིའི་འགྲོ་བས་མི་རིང་བར།།

སྐལ་བཟང་འབོད་སྒྲས་འཛམ་གླིང་ལྷིང་འཇགས་ཡོངས་དཀྲོགས་ནས།།

གངས་རིའི་ལྗོངས་སུ་བདེ་སྐྱིད་སྣང་བ་འདྲེན་པར་ཤོག།

 

ཀྱེ་ཀྱེ་བདག་སེམས་ཁོང་དུ་གནས་པའི་སྤུན་ཟླ་ཚོ།།

གངས་རི་སྲུང་བའི་སྙིང་སྟོབས་བསྐྱེད་ནས་ཡར་ལོངས་དང༌།།

སྐྱབས་བཅོལ་ལས་དབང་འདི་ལྟར་བསྐྱངས་ནས་འདུག་དྲགས་ན།།

རང་ཡུལ་མ་མཐོང་གཤིན་རྗེས་སྤྱན་འདྲེན་ཤིན་ཏུ་སྐྱོ།།

 

གྲུ་འཛིན་གཉིས་པའི་པང་དུ་ལོག་རྒྱུའི་འདུན་པ་དང༌།།

བརྩེ་བའི་ཕ་མར་ཞབས་ཏོག་བསྒྲུབ་རྒྱུའི་འདུན་པ་གཉིས།།

སྤུན་ཟླ་འཛོམས་སའི་ཁྱིམ་དུ་གནས་པའི་འདུན་པ་བཅས།།

འདུན་པ་གསུམ་གྱིས་བདག་སེམས་ལྷོད་དུ་གནས་ཐབས་བྲལ།།

 

ྋརྒྱལ་བའི་དགུང་ལོ་མཐོན་པོར་སྨིན་པའི་གདུང་བ་དང༌།།

བསམ་བློ་སྙིང་པ་མཁྲེགས་བཟུང་བྱེད་པའི་གདུང་བ་གཉིས།།

སྤུན་ཟླའི་བར་ལ་ནང་འཁྲུག་ཤོར་བའི་གདུང་བ་བཅས།།

དེ་གསུམ་གདུང་བས་བདག་གི་སྙིང་ཤ་ཡང་ཡང་འདར།།

 

གངས་ཅན་མགོན་པོ་ཁྲི་ལོར་བཞུགས་པའི་རེ་བ་དང༌།།

ཆོལ་གསུམ་སྤུན་ཟླ་ལག་གདང་སྦྲེལ་བའི་དེ་བ་གཉིས།།

ཞི་བདེའི་རྒྱལ་ཁབ་མིག་དཔེར་འཛིནཔའི་རེ་བ་བཅས།།

རེ་བའི་དབུས་ནས་བདག་གི་སྐྲ་ཡང་དཀར་པོར་འགྱུར།།

 

ྋརྒྱལ་བའི་བཀའ་བཞིན་འབད་འབུངས་གྱིས་དང་སྤུན་ཟླ་ཚོ།།

རང་གི་རིག་གཞུང་རང་གིས་སྤྱོད་དང་སྤུན་ཟླ་ཚོ།།

ར་མ་ལུག་གི་ཆ་ལུགས་མ་བསྣམས་སྤུན་ཟླ་ཚོ།།

བདག་གི་གངས་རིའི་ཞིང་ཁམས་འདི་ནས་ཉིད་རྒྱལ་གྱུར་ཅིག།

 

སྤྱི་ལོ།༢༠༠༩ སྤྱི་ཟླ་༡ ཚེས་༡༤ ཉིན་དཀོན་མཆོག་གིས་བྲིས་པ་དགེ།། །།


 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།