༧གོང་ས་མཆོག་གི་ཞབས་བརྟན།

17/02/2009 10:38

༄། །སྲིད་ཞིའི་གཙུག་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་

           མཆོག་གི་ཞབས་བརྟན་གསོལ་

      འདེབས་འཆི་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

 

༄། །རྣམ་ཀུན་མཆོག་ལྡན་ཤེས་རབ་ཕ་རོལ་ཕྱིན།  །ངོ་མཚར་མཚན་དཔེའི་གཟུགས་སུ་ཤར་བའི་ལྷ།

།འཕགས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས།  །དེང་འདིར་འཆི་མེད་སྒྲུབ་པའི་དངོས་གྲུབ་སྩོལ།

།རྗེ་བཙུན་འཇམ་དཔལ་གཞོན་ནུའི་མཚན་དཔེའི་སྐུ།  །ངག་དབང་དབྱངས་ཅན་དགྱེས་པའི་སྙན་འགྱུར་གསུང༌།

།བློ་བཟང་རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས།  །བསྟན་འཛིན་རྒྱ་མཚོའི་དབང་པོ་ཞབས་བརྟན་གསོལ།

།རྨད་བྱུང་ཐབས་མཁས་ཐུགས་རྗེའི་འོད་སྣང་གིས།  །སྲིད་གསུམ་དགེ་བའི་ལམ་དུ་དབང་བསྒྱུར་ཞིང༌།

།འཛམ་གླིང་ཆེ་རྒུའི་སྙེམས་པ་འཕྲོག་པ་ལ།  །མཚུངས་པ་མེད་པའི་མགོན་པོ་ཞབས་བརྟན་གསོལ།

།ཆོས་ནོར་འདོད་ཐར་སྡེ་བཞིའི་དོལ་ལྡན་པའི།  །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བའི།

།འཕྲིན་ལས་བཟང་པོའི་འབྲེལ་ཚད་དོན་ལྡན་དུ།  །མཛད་པའི་དེད་དཔོན་ཆེན་པོ་ཞབས་བརྟན་གསོལ།

།རྣམ་དག་ཁྲིམས་ལྡན་བྱེ་བའི་མཁན་པོ་སྟེ།   །རྒྱལ་སྲས་སེམས་དཔལ་ཡོངས་ཀྱི་བདག་ཉིད་གཙོ།

།དཀྱིལ་འཁོར་རྒྱལ་མཚོའི་ཁྱབ་བདག་འཁོར་ལོའི་མགོན། །ཡོངས་རྫོགས་བསྟན་པའི་མངའ་བདག་ཞབས་བརྟན་གསོལ། །ཚོགས་གཉིས་རིན་ཆེན་ཁམས་ལས་ལེགས་གྲུབ་ཅིང༌། །གདུལ་བྱ་གླིང་བཞིའི་དབུས་ན་མངོན་མཐོ་བ།

།རིས་མེད་བསྟན་འཛིན་རྒྱ་མཚོས་ཡོངས་བསྐོར་བའི། །སྐྱབས་མཆོག་རི་དབང་ལྷུན་པོ་ཞབས་བརྟན་གསོལ།

།སྙིགས་མ་ལྔ་བདོའི་མེ་དཔུང་རབ་འཁྲུགས་པས། །བཟོད་དཀའི་གདུང་བས་མནར་བའི་འགྲོ་བ་ལ།

བྱམས་དང་སྙིང་རྗེའི་བྱིན་རླབས་ཆབ་རྒྱུན་གྱིས། །ཞི་བསིལ་བདེ་བའི་དབུགས་འབྱིན་ཞབས་བརྟན་གསོལ།

།མགོན་པོ་གང་གི་འཕྲིན་ལས་རྟ་བདུན་གྱིས། །ལུང་རྟོགས་ཐུབ་བསྟན་ཉིན་བྱེད་ལེགས་དྲངས་པས།

།བླང་དོར་སྣང་བས་དབེན་པའི་རྒྱལ་ཁམས་སུ། །ཕན་བདེའི་པད་ཚལ་རྒྱས་མཛད་ཞབས་བརྟན་གསོལ།

།ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ། །གང་འདུལ་ལྷུན་གྱིས་འགྲུབ་པའི་མཛད་འཕྲིན་གྱིས།

།མཐའ་མེད་འཁོར་བར་འཁྱམས་པའི་སེམས་ཅན་དོན། །སྒྲུབ་མཛད་རྣམ་འདྲེན་དམ་པ་ཞབས་བརྟན་གསོལ།

།དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་པ།

།མགོན་པོ་ཁྱེད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །གསུང་གི་བདུད་རྩིས་རྟག་ཏུ་འཚོ་བར་ཤོག

དེ་ལྟར་མི་ཕྱེད་དད་ཅིང་མོས་པའི་བློས། །རྩེ་གཅིག་གསོལ་བཏབ་སྨོན་པའི་བདེན་སྟོབས་དང༌།

།ཆོས་ཉིད་རྣམ་དག་ཆོས་ཅན་བསླུ་མེད་མཐུས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག

 

།ཅེས་སྲིད་ཞིའི་གཙུག་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞབས་བརྟན་

གསོལ་འདེབས་འཆི་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་འདི་བཞིན་ཨ་མྱེས་རྨ་

ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་བསྐུལ་མ་མཛད་པ་

བཞིན་ྋས་སྐྱ་ཁྲི་འཛིན་སྒྲོལ་མ་ཕོ་བྲང་པ་ངག་དབང་ཀུན་དགར་འབོད་

པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ། །།


 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།