ཡུལ་ཤུལ་དུ་རྒྱ་གཞུང་ལ་ངོ་རྒོལ།

09/02/2012 13:13

 

ཡུལ་ཤུལ་དུ་རྒྱ་གཞུང་ལ་ངོ་རྒོལ།

ཁ་སང་སྔ་དྲོར་མཚོ་སྔོན་ཡུལ་ཤུལ་ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་དགེ་འདུན་པ་དང་རྫ་སྟོད་གྲོང་བརྡལ་ཉེ་འཁོར་གྱི་མི་མང་བཅས་སྐྱ་སེར་ ༡༤༠༠ཙམ་གྱིས་རྒྱ་གཞུང་ལ་སྐད་འབོད་ངོ་རྒོལ་གནང་འདུག

གོང་གསལ་ནས་ཚུལ་སྐོར་བོད་ནས་ཕྱི་ཕྱོགས་སུ་བཏང་འབྱོར་བྱུང་བའི་ནང་བཀོད་དོན། “ ཡུལ་ཤུལ་ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་གྲྭ་བ་ ༤༠༠ ཡས་མས་ཤིག་གིས་ཁ་སང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ སྟེང་། རྫ་སྟོད་གྲོང་བརྡལ་དུ་བོད་མི་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེས་ཀྱི་ཆེད་དུ་ཞི་རྒོལ་བྱེད་དུ་ཕེབས་པ་རེད། དགོན་པ་དང་རྫ་སྟོད་གྲོང་བརྡལ་གྱི་བར་སྤྱི་ལེ་ ༡༢ ལྷག་ཡོད་ལ་ཕལ་ཆེར་ཆུ་ཚོད་ ༢ ལྷག་འགྲོ་དགོས་སྟབས་མགྱོགས་པོར་མ་འབྱོར་ལ། དེ་དུས་དགོན་པ་དང་རྫ་སྟོད་བར་གྱི་གཤིས་ཆུ་ཟམ་ཁ་རུ་རྒྱ་དམག་འབོར་ཆེན་ཐོན་ཏེ་གྲྭ་མང་ས་ཆ་དེར་བཀག་འགོག་བྱས་ཀྱང་། གྲྭ་མང་གིས་ཨུ་ཚུགས་ཀྱིས་དེ་ཀར་མ་ཁོག་པར་སྤྱི་ལེ་ ༢ ལྷག་ཏུ་བཙན་སྐྱོད་བྱས།

སྐབས་དེར་རྒྱ་དམག་གིས་བཙན་འགོག་བྱས་པས་གྲྭ་མང་དང་ས་དེ་གའི་མང་ཚོགས་སྟོང་ལྷག་འབྱོར་ཏེ་ས་དེ་ནས་སྐད་འབོད་རྒྱག་རྒྱུ་ལས་ཐབས་མེད་དུ་གྱུར། གྲྭ་མང་གི་ཕྱག་ཏུ་རས་དཀར་པོའི་སྟེང་ལ་ཡི་གེ་དམར་པོ་དང་སྔོན་པོ་གཉིས་ཀྱིས། ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེའི་གཙོས་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས། བོད་མིའི་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་སོགས་བྲིས་ཏེ་ཆུ་ཚོད་ ༣ ལྷག་ལ་སྐད་འབོད་བྱས་ཡོད་པ་རེད།

ཡིན་ན་ཡང་སྐབས་དེར་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་ཐོན་ཡོད་ཀྱང་། དྲག་གནོན་བྱེད་རྒྱུ་དང་མེ་མདའ་སོགས་བཀོལ་སྤྱོད་མ་བཏང་བར་སློབ་གསོ་མང་པོ་བརྒྱབ་པ་མ་ཟད། ས་འདི་ཀར་ཁྱོད་ཚོས་རང་གི་འདོད་པ་ལྟར་སྐད་འབོད་གང་འདོད་བརྒྱབ་ན་ཆོག དེ་མིན་རྫ་སྟོད་གྲོང་བརྡལ་དུ་འགྲོ་མི་ཆོག་པའི་བཙན་བཀག་བྱས་འདུག དེ་དུས་སེར་སྐྱ་མང་ཚོགས་ ༡༤༠༠ ལྷག་གིས་སྐད་འབོད་བརྒྱབ་པ་རེད། ཡིན་ན་ཡང་གནས་སྐབས་སུ་བོད་མི་གཅིག་ཀྱང་འཛིན་བཟུང་དང་གཅར་རྡུང་རིགས་གང་ཡང་བྱས་མི་འདུག” ཞེས་བཀོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།