ཁམས་བྲག་མགོ་རུ་དམར་གསོད།

10/02/2012 17:37

 

ཁམས་བྲག་མགོ་ནོར་བའི་མི་གཉིས་རྒྱ་གཞུང་གིས་དམར་གསོད།

 

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༩ ཉིན་རྒྱ་ནག་གཞུང་གི་དམག་མིས་བོད་ཁམས་བྲག་མགོ་ནོར་པ་ནས་ཡིན་པ་གྲྭ་ཡེ་ཤེས་རིག་གསལ་དང་།  ཁོང་དང་ཕ་མ་གཅིག་གི་སྤུན་མཆེད་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བཏང་འདུག ཉེ་ཆར་ཕྱི་ཟླ་༡ ཚེས་༢༣ ཉིན་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་བསྟུན་ཏེ།  བྲག་མགོའི་ཡུལ་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བྱས་སྐབས་རྨས་སྐྱོན་ཕོག་རྗེེས་རི་མགོར་གྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།

དེ་རིང་འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན།   ཉེ་ཆར་རྒྱ་ནག་གི་ལོ་གསར་སྐབས་བོད་ཁམས་བྲག་མགོའི་མི་མང་ཚོས་ཞི་རྒོལ་བྱས་ཏེ།   མི་མང་པོ་ཞིག་ད་དུང་ཡང་སོ་སོའི་རང་ཁྱིམ་དུ་འཁོར་མ་བཅུག་པར་རི་མགོར་བྲོས་ནས་འདུག་དགོས་བྱུང་ཡོད་པ་དང་།  ཟླ་འདིའི་ཚེས་༩ ཉིན་གྱི་ཞོགས་པར་རྒྱ་ནག་གཞུང་གི་དམག་མི་ཚོ་བྲག་མགོ་ས་གནས་ཀྱི་རི་མགོར་སོང་ནས་ཉེ་སྔོན་གྱི་ཞི་རྒོལ་བ་བྲོས་བྱོལ་བྱས་པའི་ནང་ནས་སྔོན་མ་རྒྱ་གར་ལ་ཡོང་མྱོང་མཁན་རང་ལོ་༤༠ ཡིན་པའི་གྲྭ་ཡེ་ཤེས་རིག་གསལ་དང་།  ཁོང་དང་ཕ་མ་གཅིག་གི་སྤུན་མཆེད་རང་ལོ་༣༨ ཡིན་པའི་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བཏང་འདུག

འོན་ཀྱང་དེང་སང་བྲག་མགོའི་མི་མང་ཚོ་རྒྱ་གཞུང་གིས་གཉའ་གནོན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་སྟངས་འོག  བོད་ནས་ཐད་ཀར་གནས་ཚུལ་མཁོ་གཏོང་བ་ཚོས་ཀྱང་།   ཞི་རྒོལ་བ་གཞན་བསད་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་མི་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།