རྔ་པ་རུ་བསྐྱར་དུ་རང་ལུས་མེར་བསྲེག་གི་ངོ་རྒོལ།

01/04/2012 13:48

 

 

རྔ་པ་རུ་བསྐྱར་དུ་རང་ལུས་མེར་བསྲེག་གི་ངོ་རྒོལ།

དེ་རིང་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་དུ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་། གྲྭ་འཆི་མེད་དཔལ་ལྡན་གཉིས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་བར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པས། ད་ལྟའི་གནས་སྟངས་གསལ་པོ་མི་འདུག

དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ལ་ཁོང་གཉིས་ཀྱིས་ཟླ་༣ ཚེས་ ༣༠ ཉིན་གྱི་བོད་ནང་གི་ཉིན་གུང་གི་དུས་ཚོད་ ༡༢།༣༠ ཙམ་ལ་ཁོང་གཉིས་ཀྱིས་ཀིརྟི་དགོན་པ་དང་། བར་ཐག་སྤྱི་ལེ་༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་སུ་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག

རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་ལགས་ནི་བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་གྱི་ཥོ་ལ་ཅང་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༢༢ དང། ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་ཟེར་གྱི་ཡོད་འདུག 
ཀིརྟི་དགོན་པའི་གྲྭ་འཆི་མེད་དཔལ་ལྡན་ནི་རྒྱལ་རོང་ཚོ་བདུན་གྱི་ཥོ་ལ་ཅང་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༢༡ ཡིན་པ་དང་། ཕ་མིང་ལ་རབ་རྒྱས་དང་མ་མིང་ལ་མ་ཅིག་མཚོ་ཟེར་གྱི་ཡོད་འདུག

གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་དུས་ཐོག་དེར་གཅིག་སྐུ་གྲོངས་ཡོད་ཚུལ་འདུག་ནའང་ད་ལྟའི་ཆར་ཁོང་གཉིས་ཀ་རྒྱ་གཞུང་གིས་སྨན་ཁང་དུ་ཁྲིད་ནས་དམ་དྲག་ཆེན་པོའི་འོག་ཡོད་པས། གནས་ཚུལ་དེ་བྱུང་མ་ཐག་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་རླངས་འཁོར་གསུམ་ཤི་ན་རོ་བདག་དང་གསོན་ན་མྱི་བདག་བྱེད་དུ་སོང་ཡོད་ནའང་། ཁོང་ཚོང་དགོན་པ་ནས་སྤྱི་ལེ་༣༢ ཀྱི་ས་ན་ཡོད་པའི་འཛེ་སྟོས་ཞེས་པའི་ས་གནས་ནས་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་གིས་ཕྱིར་དགོན་པར་བཏང་ཡོད་འདུག་པས་ཁོང་གཉིས་ཀྱི་ད་ལྟའི་ཤི་གསོན་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།

tenpa darjee 01བསྟན་པ་དར་རྒྱས་དེ་སྔོན་ཕྱི་ལོ་ ༢༠༠༣ ལོ་ནས་ཕྱི་ལོ་ ༢༠༠༩ ལོའི་བར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱས་ནས་བསྡད་ཡོད་ལ་ཕྱི་ལོ་༢༠༠༩ ལོར་ཕྱིར་ཚོ་བདུན་ཀིརྟི་དགོན་དུ་ཡོང་ཡོད་འདུག་ཅིང་། རྟགས་རིགས་འཛིན་གྲྭའི་ནང་གི་སློབ་སྦྱོང་རྩེ་ཕུད་གྲས་ཡིན་འདུག ཁོང་ལ་མིང་སྲིང་བཞི་ཡོད་པའི་ཆུང་ཤོས་ཁོང་ཡིན་ཞིང་ད་ལྟ་ཤུལ་དུ་ནང་མི་ལྔ་ཡོད་འདུག

chimey paldan 02

འཆི་མེད་དཔལ་ལྡན་ཕྱི་ལོ་ ༢༠༠༩ ལོར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱེད་པར་ཡོང་ཡོད་ཀྱང་ཟླ་བ་ཁ་ཤས་མ་གཏོགས་སྡད་མེད་འདུག དེ་རྗེས་ཕྱི་ལོ་ ༢༠༡༠ ལོར་འཆི་མེད་དཔལ་ལྡན་ལྷ་སར་སོང་སྐབས་ལྷ་ས་ནས་ཉེན་རྟོག་པས་གང་བྱུང་སྔོག་བཤེར་བྱས་སྐབས་ཁོང་གི་ལག་ཁྱེར་ཁ་པར་ནང་༸གོང་ས་མཆོག་གི་སྐུ་དཔར་དང་བོད་ཀྱི་རྒྱལ་དར། མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གླུ་གཞས་སོགས་ཡོད་པར་བརྟེན་ལྷ་ས་ས་གནས་ཉེན་རྟོག་པས་ཟླ་བ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག འཆི་མེད་དཔལ་ལྡན་ལ་ནུ་མོ་གཅིག་དང་ཕ་མ་གཉིས་བཅས་ཤུལ་དུ་ནང་མི་གསུམ་ཡོད་འདུག

གནས་ཚུལ་དེ་བྱུང་རྗེས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡོངས་རྫོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག དགོན་འདིའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཡིན་ཞིང་། དེེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།