རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ།

17/02/2012 15:04

 

རྒྱ་ནག་གཞུང་ཚབ་ཁང་མདུན་བོད་མི་སློབ་ཕྲུག་གིས་ངོ་རྒོལ།

 

རྒྱ་གར་རྒྱལ་ས་ལྡི་ལིའི་མཐོ་རིམ་སློབ་གྲ་ཁག་ནང་སློབ་གཉེར་བྱེད་བཞིན་པའི་བོད་ཀྱི་གཞོན་ནུ་ཚོགས་པའི་སློབ་ཕྲུག་ཚོགས་མི་ཚོས་དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་བྱེད་པའི་སྐབས་རྒྱ་གར་ཉེན་རྟོག་པས་སློབ་ཕྲུག་༣༥ དོ་དམ་བཀག་ཉར་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པར་བོད་པའི་སློབ་ཕྲུག་ཚོས་ངོ་རྒོལ་བྱས་པ་མ་ཟད། སློབ་ཕྲུག་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བཞག་པའི་ཉེན་རྟོག་པའི་མོ་ཊའི་སྟེང་འཛེགས་ཐབས་བྱས་པའི་རྗེས་རྒྱ་གར་ཉེན་རྟོག་པས་སློབ་ཕྲུག་དེ་དག་དྲུད་བཞིན་ཉེན་རྟོག་པའི་མོ་ཊའི་ནང་བཅུག་ཏེ་ཁྲིད་ཡོད་པ་དང༌། ངོ་རྒོལ་ལས་འགུལ་དེའི་ནང་མཉམ་བཞུགས་གནང་མཁན་དཔལ་ལྡན་བསོད་ནམས་ལགས་ཀྱིས་ཕེ་རན་སི་གསར་འགོད་པར་གསུང་དོན། བོད་ནང་དུ་བོད་མིས་རང་ལུས་མེ་བསྲེག་གཏོང་བཞིན་བོད་མིའི་ཚེ་སྲོག་འགྲོ་གི་ཡོད་པར་བརྟེན་ནས་ང་ཚོ་ཡང་འདིར་རྒྱ་ནག་གཞུང་ཚབ་ཁང་དུ་ཡོང་སྟེ་་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་མི་བཟོད་པར་བོད་ནང་གྲ་བཙུན་ཚོས་འུ་ཐུག་ཐབས་ཟད་ཀྱི་རང་སྲོག་བློས་གཏོང་བྱེད་པར་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དུ་ཡོང་བ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསོད་ནམས་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་བོད་མིའི་ཐོག་ཚབས་ཆེའི་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང༌། འདི་གར་རྒྱ་གར་ནང་དུ་རྒྱ་གར་ཉེན་རྟོག་པས་ང་ཚོ་འཛིན་བཟུང་བྱེད་ཀྱི་ཡོད་ནའང་བོད་མི་ཚོས་རང་དབང་འཐབ་རྩོད་ནི་མུ་མཐུད་བྱེད་ཀྱི་རེད་ཅེས་གསུང་ཡོད་པ་རེད།

Tibetan students protesting outside the Chinese embassy in New Delhi, India on February 16, 2012. (Photo/TYC)
རྒྱལ་ས་ལྡི་ལིའི་ཉེ་རྟོག་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས། དེ་རིང་གི་ངོ་རྒོལ་ལས་འགུལ་དེའི་ནང་ནས་བོད་མི་ཁྱོན་༣༥ དོ་དམ་བཀག་ཉར་བྱས་པ་དང༌། དེའི་ནང་དུ་བེུད་བདུན་ཡོད་པའི་གནས་ཚུལ་གསུང་ཡོད་པ་རེད། 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།