རང་ལུས་མེར་བསྲེགས་བཏང་འདུག

16/03/2012 11:07

 

རང་ལུས་མེར་བསྲེགས་བཏང་འདུག

 


དེ་རིང་ཞོགས་པར་བོད་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རེབ་གོང་རོང་བོ་དགོན་པའི་མདུན་ཐང་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རིང་ངྷ་སར་གནས་བཞུགས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༡༠།༣༠ སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ། ད་ལྟ་རང་ལོ་ ༣༤ ཡས་མས་ཡིན་པ ༽ཁོང་གིས་རོང་བོ་དགོན་པའི་མདུན་ཐང་ སྒྲོལ་མ་ཐང་ཟེར་བ་དེ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ཅིང་ དེ་མ་ཐག་རྒྱ་ནག་གི་དམག་མི་དང་ཆོས་དོན་ལས་ཁུངས་ཀྱི་མི་སྣ་མཉམ་རུབ་ཐོག་ཉེ་འཁྲིས་སུ་ཡོད་པའི་རྨ་ལྷོ་ཁུལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འཁྱེར་ཡོད་ཀྱང་ དེ་གར་གནས་ཚུལ་ཅི་བྱུང་གསལ་བོ་མ་ཤེས་ཀྱང་ དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་ནང་གདན་འདྲེན་ཞུས་ཏེ། ད་ལྟ་ས་གནས་ཀྱི་སྐྱ་སེར་མང་པོ་ཞིག་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ་སྨོན་ལམ་གསུང་པ་དང་། སྐད་འབོད་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འབྱོར་ཏེ་དགོན་པ་ཡོངས་སུ་བསྐོར་ཏེ་གནས་སྟངས་ཛ་དྲག་ཆགས་ཡོད་འདུག 

གསར་འགོད་པས་ཁོང་ལ། དགེ་འདུན་པ་ཁོང་གི་སྐུ་ལུས་མེར་འཚིག་པའི་གནས་སྟངས་གང་འདྲ་ཡིན་མིན་དང་ དེ་གར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཡོད་མེད་དྲིས་པར་ཁོང་གིས། “ ད་ལྟ་མེར་འཚིག་པའི་གནས་སྟངས་གསལ་བོ་ཤེས་ཐུབ་ཀྱི་མི་འདུག་ལ་འབོད་ཚིག་ག་རེ་བསྒྲགས་ཡོད་པའང་ཧ་གོ་ཐུབ་ཀྱི་མི་འདུགསྨན་ཁང་དུ་ཁྲིད་དེ་དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་ནང་གདན་འདྲེན་ཞུས་ཡོད་ས་རེད། ང་རང་གིས་ཚོད་དཔག་བྱས་ན། གཅིག་བྱས་ན་ཁོང་ལ་སྨན་བཅོས་བྱས་ཀྱང་ཕན་སྐྱེད་མེད་པའི་གནས་སྟངས་ཆགས་ཡོད་པ་དང་ ཡང་ན། ས་གནས་མི་མང་ཚོས་སྨན་ཁང་ནས་བཞག་ན་རྒྱ་ལག་ཏུ་ཤོར་སྲིད་པའི་འཇིགས་སྣང་འོག་ཕྱིར་དགོན་པར་གདན་འདྲེན་ཞུས་པ་ཞིག་ཡིན་རྒྱུ་རེད། ད་ལྟ་སྐྱ་སེར་མང་པོ་ཞིག་དགོན་པའི་མདུན་ཐང་དུ་འཛོམས་ཏེ་སྨོན་ལམ་གསུང་འདོན་དང་། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱག་པ་སོགས་བྱེད་ཀྱི་ཡོད་འདུག་ལ། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པས་དགོན་པ་སྐོར་འདུག་ཟེར། ཞེས་བརྗོད་བྱུང་

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།