རང་དོན་བློས་བཏང་སྟེ་བོད་དོན་ལས་འགུལ་སྤེལ་འདུག

16/03/2012 10:55

 

 

རང་དོན་བློས་བཏང་སྟེ་བོད་དོན་ལས་འགུལ་སྤེལ་འདུག

 

ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་གསུམ་གྱིས་ལོ་གསར་གུང་སེང་དང་བསྟུན་ཏེ། ལྡི་ལི་ནས་ངྷ་ས་བར་ལྕགས་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ད་ཆར་སློབ་གྲྭའི་འཛིན་སྐྱོང་གི་ཐག་གཅོད་འོག་ལས་འགུལ་བ་གསུམ་པོ་སློབ་གྲྭ་ནས་འཐོན་དགོས་བྱུང་ཡོད་འདུག

 ཕྱི་ཟླ་ ༢ ཚེས་ ༢༢ ཉིན་སྟེ། བོད་ཆུ་འབྲུག་ལོའི་ལོ་སར་ཚེས་གཅིག་ཉིན་འཛམ་གླིང་གང་སར་བོད་མི་ཚོས་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་དང་བོད་རང་དབང་འཐབ་རྩོད་སླད། ཟས་བཅད་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར། བསྔོ་སྨོན་མཆོད་འབུལ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་ལྟར། ཉིན་དེར་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་པ་དར་རྒྱས་དང་བཀྲ་ཤིས། གངས་རིའི་ཆོས་དགའ་བཅས་གསུམ་གྱིས་སློབ་གྲྭའི་གུང་སེང་དང་བསྟུན་ཏེ། རྒྱ་གར་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་བར་ལྕགས་རྟ་བསྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་།ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ། གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ་ལས་འགུལ་མཇུག་སྒྲིལ་ཡོད།

ལས་འགུལདེའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་ཆེད་དང་། རྒྱ་གར་མི་མང་ཁྲོད་བོད་དོན་ཁྱབ་བསྒྲགས་ཤིག་ཡིན་ཞིང་། ལྡི་ལི་ནས་ལྕགས་རྟར་ཞོན་ཏེ་རྒྱ་གར་གྲོང་ཁྱེར་ཁག་ནང་གསར་འགོད་ལྷན་ཚོགས་བསྐངས་པ་དང་། ཡིག་ཆ་འགྲེམས་སྤེལ། བོད་དོན་ངོ་སྤྲོད་སོགས་བྱས་ཡོད་འདུག་ལ། ཡིག་ཆའི་ནང་། ༡༩༤༩ ལོར་རྒྱ་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་དམར་པོའི་དབང་སྒྱུར་འོག་བོད་མི་དམར་གསོད་རྐྱེན་འདས་དང་། རིག་གཞུང་རྩ་མེད། མི་རིགས་གྲངས་ཉུང་ཅན་དུ་བསྒྱུར་བ། སྨྲ་བརྗོད་དང་ཆོས་དད་རང་དབང་མེད་པའི་གནས་ཚུལ། ལྷག་པར་ཉེ་བའི་དུས་ནས་རང་ལུས་མེར་བསྲེགས་དང་དྲག་གནོན་དམར་གསོད་འབྱུང་བཞིན་པའི་གནས་བབ་ཐད། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ། རྒྱ་གཞུང་གིས་བོད་ཁུལ་གྱི་དྲག་ཆས་དམག་མི་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པ། བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་སྡེ་ཚན་དང་གསར་འགོད་པ་གཏོང་དགོས་པ་སོགས་བཀོད་འདུག

ཐེངས་འདིའི་ལས་འགུལ་དེ་ཁོང་གསུམ་གྱིས་རང་འགན་རང་ཁུར་ཐོག་སྤེལ་ཞིག་ཡིན་འདུག་ལ། ལས་འགུལ་དེས་རྐྱེན་པས་ད་ལྟ་ཁོང་གསུམ་སློབ་གྲྭ་ནས་ཐོན་དགོས་བྱུང་ཡོད་འདུག ཐོག་མའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་གང་མང་ཞིག་གིས་སློབ་གྲྭའི་གུང་སེང་དང་བསྟུན་ཏེ་བོད་དོན་གོམ་བགྲོད་ལས་འགུལ་ཅིག་སྤེལ་འཆར་ཀྱིས་སློབ་གྲྭའི་འགན་འཛིན་ལ་སྙན་ཞུ་ཕུལ་སྐབས། གུང་སེང་སྐབས་སུ་ལས་འགུལ་གང་སྤེལ་ཡང་སོ་སོའོ་འདོད་མོས་ཡིན་པ་དང་། གུང་སེང་རྫོགས་རྗེས་ཕྱིར་སློབ་གྲྭར་མ་འབྱོར་བ་ཡིན་ན་སློབ་གྲྭའི་སྒྲིག་གཞི་དང་འགལ་ཡོད་སྐོར་བརྗོད་ཡོད་སྟབས་སློབ་མ་ཕལ་ཆེ་བ་ཕྱིར་འཐེན་བྱས་ཡོད་འདུག་ལ། གོང་གི་སློབ་མ་གསུམ་ཀྱིས་སློབ་གྲྭའི་འགན་འཛིན་ལ་ལས་འགུལ་དེ་སྤེལ་རྒྱུའི་སེམས་ཐག་བཅད་ཡོད་པ་དང་། ལས་འགུལ་གྱི་ངོ་བོའི་ཆ་གུང་གསེང་དུས་བཅད་ལྟར་སློབ་གྲྭར་འབྱོར་ཐུབ་མིན་གྱི་གནས་ཚུལ་འབྱུང་ངེས་སྟབས། སློབ་གྲྭའི་འཛིན་སྐྱོང་གིས་དགོངས་བཞེས་ཡོང་རྒྱུ་དང་། གལ་སྲིད་དེ་ལྟར་གནང་བདེ་མ་བྱུང་ཡང་སློབ་གྲྭའི་འགན་འཛིན་ལ་གླེང་རྙོག་གང་ཡང་མེད་པར། ལས་འགུལ་འདི་ཁོང་གསུམ་གྱིས་མ་སྐལ་དང་བླངས་དང་། རང་འགན་རང་འཁུར་ཞུ་རྒྱུ་ཡིན་པའི་འགན་ལེན་གནང་ཡོད་འདུག

ལས་འགུལ་བ་བསྟན་པ་དར་རྒྱས་ལགས་ཀྱིས་བརྗོད་དོན། “ང་རང་ཉིད་ཆབ་སྲིད་བཙོན་ཟུར་ཞིག་ཡིན། སྔོན་མ་བཙོན་ཁང་ནས་ཆབ་སྲིད་བཙོན་པ་དག་གི་ལག་པ་དྲོན་མོར་འཇུས་ཏེ་མུ་མཐུད་བོད་དོན་འཐབ་རྩོད་བྱ་རྒྱུའི་དམ་བཅའ་བཞག་ཡོད། ཉེ་ཆར་བོད་ནང་ཛ་དྲག་གི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྐབས། ང་ཚོ་རང་དབང་ལུང་པར་ཁུ་སིམ་མེར་བསྡད་ན་ལས་རྒྱུ་འབྲས་ལའང་འགྲོ་བ་མ་རེད་བསམ་ཏེ། ཉལ་ན་གཉིད་ཁུག་གི་མི་འདུག་ལ། འཛིན་གྲྭར་སོང་ན་སེམས་ཁུག་གི་མི་འདུག དེ་ནས་ལས་འགུལ་ཆེ་ཆུང་ལ་མ་བལྟས་པར་སོ་སོས་གང་འཇོན་པ་དེ་སྤེལ་རྒྱུར་སེམས་ཐག་བཅད་པ་ཡིན ”ཞེས་བརྗོད་བྱུང་

ཁོང་ཚོས་ལས་འགུལ་ལྡི་ལི་ནས་མགོ་བཙུགས་ཏེ་ངྷ་སར་མ་འབྱོར་སྔོན་ལ། ཤེས་རབ་དགའ་ཚལ་སློབ་གྲྭའི་འཛིན་སྐྱོང་གིས་ཁོང་གསུམ་སློབ་གྲྭ་ནས་ཕྱིར་འཕུད་བཏང་བ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སློབ་མའི་ཉལ་ཁང་གི་ཁོང་གསུམ་གྱི་ཉལ་ཆས་རིགས་ཀྱང་ཕྱིར་བསྡུ་བྱས་ཡོད་སྟབས། སློབ་གྲྭའི་དགེ་སློབ་ ༢༩༥ མིང་རྟགས་བཀོད་པའི་སྙན་ཞུ་ཞིག་སློབ་གྲྭའི་འགན་འཛིན་ལ་ཕུལ་ཏེ། ཁོང་ཚོ་གསུམ་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་པ་ཞིག་ཡིན་པས། ཐག་གཅོད་དེར་བསྐྱར་དུ་དགོངས་བཞེས་ཡོང་བའི་ཞུ་བ་འཐེན་ཡོད་ཀྱང་། སློབ་མ་དེ་གསུམ་ལ་ཐོག་མ་ནས་སྐད་ཆ་འཁེལ་ཡོད་པ་དང་། གལ་སྲིད་ཐག་གཅོད་དེར་འགྱུར་པ་གཏོང་དགོས་ཚེ་འགན་འཛིན་གྱིས་དགོངས་པ་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

གསར་འགོད་པས་བསྟན་པ་དར་རྒྱས་ལགས་སུ། སློབ་གྲྭ་ནས་ཕུར་འཕུད་བཏང་བར་བློ་ཕམ་ཡོད་མེད་དྲིས་པར། “ང་ཚོས་བོད་དོན་ཆེད་ལས་འགུལ་སྤེལ་པ་རེད། སློབ་གྲྭའི་འཛིན་སྐྱོང་གིས་དགོངས་བཞེད་གནང་ཚེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་མ་བྱུང་ཡང་རྩོད་རྙོག་མི་ལྷག་པ་ཞིག་བྱ་ངེས་རེད། དགེ་སློབ་ཚོའི་སྙན་ཞུ་དེར་གྲུབ་འབྲས་མ་བྱུང་སྟབས། འཛིན་སྐྱོང་དང་དགེ་སློབ་བར་མ་བདེ་བའི་གནས་སྟངས་མི་འབྱུང་ཆེད། ཁ་སང་ཚེས་ ༡༣ ཉིན་ང་ཚོ་སློབ་གྲྭར་ཕྱིན་ཏེ། འཛིན་སྐྱོང་དང་དགེ་ལས་སློབ་ཕྲུག་ཚང་མར་ཁ་བཏགས་རེ་འཐེན་ཏེ། ད་སྔ་ཚང་མས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཏེ། ཐེངས་འདིར་ཁོང་ཚོ་སློབ་གྲྭ་ནས་ཐོན་དགོས་བྱུང་པར་སློབ་གྲྭའི་འགན་འཛིན་སོགས་སུ་ལ་ཡང་ལན་པ་མེད་སྟབས། ཕྱིན་ཆད་དགེ་སློབ་འཛིན་སྐྱོང་བར་དོགས་པ་རྣམ་རྟོག་གང་ཡང་མེད་པར། མཛའ་བརྩེ་འཆམ་འཐུན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་”ཅེས་བརྗོད་བྱུང་

གསར་འགོད་པ། བནྡེ་སྐྱབས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།