བོད་གཞུང་མང་གཉིས་ཀྱིས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་།

01/04/2012 13:39

 

བོད་གཞུང་མང་གཉིས་ཀྱིས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་

གཞོན་ལྷན་གྱི་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཐེག་ཆེན་གཙུག་ལག་ཁང་དུ། བཀའ་ཁྲིའི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ངྷ་སའི་སེར་སྐྱ་མི་མང་ ༥༠༠༠ ལྷག་གིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཙམ་ལ་རྒྱལ་གཅེས་དཔའ་པོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་དེ། ངྷ་སའི་སེར་སྐྱ་སྟོང་ཕྲག་མང་པོའི་ཕེབས་བསུའི་འོག་བཞུགས་སྒར་ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་བྱས་སོང་ ཆུ་ཚོད་ ༩ པའི་ཐོག་གཞོན་ལྷན་གྱི་གོ་སྒྲིག་འོག་གཙུག་ལག་ཁང་དུ་འཇམ་དཔལ་ཡེ་ཤེས་ལགས་སུ་མྱ་ངན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པའི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན། གཞུང་ཞབས་སྲི་ཞུ་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་སའི་མང་ཚོགས་བཅས་ཁྱོན་མི་ ༥༠༠༠ ལྷག་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན་ལྟར་ན། གཞོན་ལྷན་གྱི་ངོས་ནས་སོ་སོའི་རྒྱལ་ཁབ་དང་དབུ་ཁྲིད་ལ་དད་པ་དང་ཡིད་ཆེས་ཡོད་མཁན། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བློས་གཏོང་བྱེད་ཐུབ་མཁན། གཞོན་ནུའི་ཚོགས་མིའི་ནང་ལོགས་ནས་འབུར་དུ་ཐོན་པའི་དང་བླངས་པ་དང་། དགོས་མཁོ་ཆེ་བའི་མི་སྣ་ཞིག་འདི་ལྟར་སྐུ་སྲོག་ཤོར་བར། གཞོན་ནུ་ལྷན་ཚོགས་ལ་ཧ་ཅང་བཟོད་དུ་མེད་པའི་བློ་ཕམ་ཆེན་པོ་ཡོད་ལ། རྒྱལ་གཅེས་པ་ཁོང་གི་ཤུལ་དུ་ལུས་པའི་ཨ་མ་རྒྱ་མཚོ་ལྷ་མོ་གཙོས་ནང་མི་གཉེན་འབྲེལ་ཡོངས་ལ་སེམས་ཚོར་དྲག་པོའི་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཡིན་ཡང་། དགའ་བ་སྒོམ་དགོས་པ་ཞིག་ནི། མི་འབོར་དུང་ཕྱུར་ ༡༣ ཡོད་པའི་དམར་ཤོག་རྒྱལ་ཁབ་ཅིག་གི་བཙན་འོག་ཏུ། བོད་མི་ས་ཡ་ སྙིང་སྟོབས་མ་ཉམས་པར་འཐབ་རྩོད་གསོན་པོར་གནས་ཐུབ་པ་དེ་གཟི་བརྗིད་དང་སྟོབས་ཤུགས་ཤིག་ཡིན་སྐོར་དང་། ལྷག་པར་དུ་གཞོན་ལྷན་ལ་སྤོབས་པ་སྐྱེས་དགོས་པ་ཞིག་ནི། ཐེངས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་དུ། བོད་རྒྱལ་ཁབ་དང་མི་རིགས་ཆེད་གཞུང་དང་གཞུང་འབྲེལ་མིན་པ་ཚོགས་པ་ཁག་མཉམ་རུབ་ཀྱིས་སྡིངས་ཆ་ཞིག་བསྐྲུན་པ་དེ། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བློས་གཏོང་བྱས་པའི་བརྒྱུད་རིམ་ཁྲོད་འཐབ་རྩོད་ཀྱི་མདུན་སྐྱོད་ཅིག་ཆགས་ཡོད་ཚུལ་དང་། གཞོན་ལྷན་ཀྱི་ངོས་ནས་མི་འགྱངས་བར་ས་གནས་གཞོན་ནུ་ ༨༦ ཙམ་ནང་བཀོད་ཁྱབ་བཏང་སྟེ། འཇམ་དཔལ་ཡེ་ཤེས་ལགས་གཙོས་པའི་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོིར་བདུན་ཚིགས་སྲུང་གཙི་གནང་རྒྱུ་ཡིན་སྐོར་བརྗོད་ཡོད།  

གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན། “ བོད་མིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེར་རྒྱ་གཞུང་གིས་འཁྱོག་བཤད་བྱས་ཏེ། མེར་བསྲེགས་གཏོང་བ་དེ་༸རྒྱལ་བ་རིན་པོ་ཆེ་དང་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་བྱས་པ་རེད་ཟེར་གྱི་ཡོད། དེར་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད། བོད་མི་ས་ཡ་ ༦ གིས་གང་བྱས་པ་དེ། བོད་མི་སོ་སོས་དང་བླངས་རེད་མ་གཏོགས་དེར་བརྒྱུད་སྐུལ་བྱེད་མཁན་ཡོད་པ་མ་རེད། གཞོན་ནུ་ལྷན་ཚོགས་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཡིད་ཆེས་གཙང་མ་ཡོད། ཡིད་ཆེས་གཙང་མ་ཡོད་མཁན་ཞིག་ལ་བརྒྱུད་སྐུལ་བྱ་དགོས་དོན་ཡོད་པ་མ་རེད། ད་བར་རྒྱལ་གཅེས་དཔའ་བོ་འཇམ་ཡེ་ཤེས་གཙོས་བོད་ནང་བོད་མི་༣༡ གིས་རང་སྲོག་བློས་གཏོང་གནང་དགོས་དོན་ནི། དགྲ་བོ་རྒྱ་ནག་གིས་ང་ཚོའི་རྒྱལ་ཁབ་བཙན་བཟུང་བྱས་པ་དང་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པའི་རྒྱུ་མཚན་གྱིས་གནས་ཚུལ་འདིའི་རིགས་བྱུང་བ་རེད། རྩ་བའི་ལྡི་ལིར་རྒྱལ་ཁབ་ལྔ་ཡི་ཚོགས་འདུ་ཚོགས་སྐབས་རྒྱལ་ཁབ་ཁག་གི་སྲིད་འཛིན་རྣམས་གཟི་བརྗིད་ལྡན་པའི་ཐོག་ཕེབས་ཡོད་ཀྱང་། དགྲ་བོ་རྒྱ་ནག་གིས་བོད་རྒྱལ་ཁབ་བཙན་བཟུང་བྱས་ཡོད་སྟབས།སྲིད་འཛིན་ཧུའུ་ཅིན་ཐོ་རྐུན་མ་ནང་བཞིན་ཡོང་དགོས་པའི་གནས་ཚུལ་ཆགས་ཡོད། འདི་དག་ནི་རྒྱ་གཞུང་རང་གིས་བཟོས་པ་ཞིག་ཆགས་ཡོད་ལ། ད་དུང་མུ་མཐུད་མཁྲེགས་བཟུང་གི་སྲིད་བྱུས་ལ་འགྱུར་བ་མི་གཏོང་བ་དང་། ང་ཚོའི་རྒྱལ་ཁབ་ཕྱིར་རྩིས་སྤྲོད་མ་བྱས་ན། གནས་ཚུལ་འདིའི་རིགས་མུ་མཐུད་ནས་ཡོང་སྲིད་ཀྱི་རེད། ” ཅེས་བརྗོད་བྱུང་

ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བོད་ཕྱི་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ཉེན་འཚབ་རང་བཞིན་དང་། ཉེ་ལམ་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་གནང་བའི་གྲུབ་འབྲས་སྐོར་ངོ་སྤྲོད་གནང་སྟེ། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་གཞོན་ལྷན་གྱིས་གོ་སྒྲིག་ཞུས་པའི་མཛད་སྒོའི་སྟེང་བཅར་བ་ཡིན་ཚུལ་དང་། བཀའ་བློན་ཁྲི་པ་མཆོག་ཐོག་མའི་ཆར་ཕུང་པོ་ཞུགས་འབུལ་གྱི་མྱ་ངན་མཛད་སྒོར་ཕེབས་འཆར་ཡོད་ཀྱང་། སྐུ་ཕུང་ཕྱིར་འགྱངས་བྱས་པ་དང་ཉི་ཧོང་དུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་གཉིས་དུས་གཅིག་ཏུ་འཁེལ་བ་སོགས་ཀྱིས། མཐའ་མར་སྐུ་ཕུང་ལ་ལམ་ཁ་ནས་མྱ་ངན་མཇལ་དར་བསྒྲོན་དགོས་བྱུང་ཡོད་ཚུལ་སོགས་གསུངས་སོང་ལ། མཐའ་མར་ཁོང་གིས་གལ་ཆེན་ཚུལ་དུ་བོད་ཕྱི་ནང་གི་གཞོན་སྐྱེས་ཚོར་ལྷག་བསམ་དང་སྙིང་སྟོབས་མི་རབས་རྒན་པ་ལས་ལྷག་པ་ཞིག་ཡོད་ནའང་ བོད་རིགས་མང་ཚོགས་ཀྱིས་ལས་འགུལ་སྤེལ་སྐབས་ཞི་བ་དང་ཁྲིམས་མཐུན། ཆེ་མཐོང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་སྐུལ་མ་བཅས་གནང་སོང་  

མཐའ་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་པ་ལྟར་ན། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ལྡི་ལི་འབྱོར་བཞིན་པའི་སྐབས་དང་བསྟུན་ཏེ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དང་བོད་ནང་རྔ་པའི་གྲྭ་པ་བློ་བཟང་ཤེས་རབ་གཉིས་ཀྱིས། གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་དང་ སྤྱིར་བཏང་རྒྱལ་ཁབ་ཅིག་གི་སྲིད་འཛིན་ལ་མཚོན་ན། སྤོབས་པ་ལྡན་པ་དང་མི་མང་གི་དགའ་བསུའི་རྣམ་པའི་ཐོག་ཕེབས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ལྟར་འཛུམ་ཤིག་ཤིག་གིས་ཡོང་ཐུབ་ཀྱི་མེད་པར། སོ་སོ་ངོ་གནོངས་དགོས་པ་ཞིག་དང་། རྐུན་མ་བཞིན་ལྐོག་ལྐོག་སིལ་སིལ་གྱིས་ཡོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ། ཁོང་ཚུར་ཕེབས་པའི་སྐབས་མེ་ཡིས་ཕེབས་བསུ་བྱས་ཡོད་པ་དང་ཕྱིར་ལོག་པའི་སྐབས་ཀྱང་། ཕུང་པོ་གཉིས་མེར་བསྲེགས་བཏང་བའི་དུ་བ་ཡིས་ཕེབས་སྐྱེལ་བྱས་པའི་གནས་སྟངས་ཆགས་ཡོད་སྐོར་གསུངས་སོང་ 

ཚོགས་གཙོ་མཆོག་གིས་གསུངས་དོན། “ དེ་རིང་གི་མཛད་སྒོ་འདི་རྒྱལ་སྤྱིའི་ཁྱོན་ལ་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཡོད་མཁན་ཚོས་ཤེས་རྟོགས་བྱུང་ཡོད་ལ། འདི་ལྟ་བུའི་བློས་གཏོང་རྩ་ཆེན་པོ་རེ་གནང་བའི་སྐབས། མང་ཚོགས་ནང་སེམས་འགུལ་ཆེན་པོ་ཐེབས་རྒྱུའི་གཞི་རྩ་ཞིག་ཆགས་ཡོད། བོད་ནང་རང་ལུས་ཞུགས་འབུལ་གནང་མཁན་ ༣༡ བྱུང་བའི་ནང་ ༢༣འདས་གྲོངས་སུ་ཕྱིན་ཡོད། ཁོང་ཚོ་རེ་རེ་སྐུ་གྲོངས་པའི་སྐབས་ས་གནས་མང་ཚོགས་ཀྱི་སེམས་ལ་ན་ཚ་ག་ཚོད་བཟོ་བཞིན་ཡོད་པ་རེད། དེ་རིང་གི་མཛད་སྒོ་འདིར་ནམ་རྒྱུན་ལས་ལྷག་པའི་མི་མང་པོ་འཛོམས་འདུག དེ་ཚོར་བ་ཞིག་རེད་བསམ་གྱི་ཡོད། ཚོར་བ་དེ་ཡིས་བོད་ཀྱི་ཆོས་དང་རིག་གཞུང་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་སྐྱིད་སྡུག་མཉམ་མྱོང་ཡིན་པ་སྟོན་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དང་། རྒྱལ་གཅེས་དཔའ་བོ་བློ་བཟང་ཤེས་རབ་ལགས་གཉིས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་ལྟའི་གནས་སྟངས་ལ་བལྟས་ན།བོད་ནང་གི་ཛ་དྲག་གནས་སྟངས་ཤུགས་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་འགྲོ་བ་ཞིག་མཐོང་གི་མེད། ང་ཚོས་ལས་འགུལ་ག་རེ་སྤེལ་ཡང་རྒྱུན་རིང་པོ་དང་མི་མང་མཉམ་ཞུགས་བྱེད་ཐུབ་པ། རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྔར་ལས་ཁྱབ་ཐུབ་པ་གནང་དགོས་ཀྱི་ཡོད་པ་རེད། ” ཅེས་གསུངས་སོང་

མཛད་སྒོའི་ལས་རིམ་ཁག་གྲུབ་རྗེས། ངྷ་སའི་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོའི་ངུ་ངག་དང་མིག་ཆུའི་ཁྲོད་དུ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ངྷ་ས་མེག་གྷན་དུད་ཁྲོད་ཚལ་དུ་གདན་ཞུ་བྱས་ཏེ། དགེ་འདུན་རྣམས་ཀྱིས་བསྔོ་སྨོན་གསུངས་བཞིན་ཞུགས་འབུལ་གནང་སོང་། ཉིན་རྒྱབ་དམ་པ་ཁོང་གཙོས་པའི་བོད་ནང་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོའི་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚོགས་ཡོད།

གསར་འགོད་པ།དཔལ་ལྡན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།