ཁྲི་འདུ་རྫོང་དུ་རང་ལུས་མེར་བསྲེགས

10/02/2012 17:50

 

ཁྲི་འདུ་རྫོང་དུ་རང་ལུས་མེར་བསྲེགས

ཕྱི་ཚེས་ ༨ ཉིན་ཁྲི་འདུ་རྫོང་དུ་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་ཡངས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༨ གྱི་ཉིན་རྒྱབ་ཙམ་ལ་ཁྲི་འདུ་རྫོང་ལབ་དགོན་པའི་རང་ལོ་ ༣༧ ཡིན་པའི་དགེ་འདུན་པ་བསོད་ནམས་རབ་ཡངས་ལགས་ཀྱིས་ཁྲི་འདུ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་དམག་མིས་བཙན་ཁྲིད་བྱས་ཡོད་འདུག གནས་ཡོང་ཁུངས་ཁག་གིས་བརྗོད་དོན་ལྟར་ན། རྒྱ་དམག་གིས་བཙན་འཁྲིད་སྐབས་དགེ་འདུན་པ་བསོད་ནམས་རབ་ཡངས་ལགས་འདས་གྲོངས་སུ་ཕྱིན་མེད་པ་དང་།  ད་ལྟ་ཁོང་ཟི་ལིང་དུ་བཙན་འཁྲིད་བྱས་ཡོད་པའི་ཚོད་དཔག་ཙམ་ལས། གར་ཡོད་དང་ཤི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོག་བྱུང་མི་འདུག

གཞན་ཡང་། རྒྱ་གཞུང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་སྡོམ་བྱས་པ་ལ་བརྟེན་ནས། ཕྱི་ཚེས་ ༨ ཉིན་རྫ་སྟོད་རྫོང་དུ་བོད་མི་ ༦༠༠ ལྷག་ས་གནས་རྫོང་ཐོག་ཏུ་འདུ་འཛོམས་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་  ༩ ཉིན་སླར་ཡང་མི་མང་ ༨༠༠ ལྷག་འདུ་འཛོམས་ཀྱིས། “ང་ཚོར་ཆོས་དད་རང་དབང་མི་འདུག རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས” སོགས་ཀྱི་སྐད་འབོད་དང་། ༸གོང་ས་མཆོག་ཞབས་བརྟན་གསོལ་འདེབས་སྐྱོར་བཞིན་ཞི་བའི་སྒོ་ནས་རྔམ་སྟོན་ཁྲིམས་སྐོར་བྱས་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་དམག་མིས་བོད་མི་འཇུ་བཟུང་གི་གནས་ཚུལ་བྱུང་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།