ནང་ཆེན་དུ་ལྷག་དཀར་སྲུང་བརྩི

09/02/2012 13:08

ནང་ཆེན་དུ་ལྷག་དཀར་སྲུང་བརྩི།

ཁ་སང་གཟའ་ལྷག་པའི་ཉིན་ཡུལ་ཤུལ་ནང་ཆེན་རྫོང་དུ་བོད་མི་ཚོས་བོད་ལྭ་གྱོན་པ་དང་བསང་གསོལ་བཏང་བ། མཆོད་འབུལ་སོགས་བྱས་ཏེ་ལྷག་དཀར་སྲུང་བརྩི་བྱས་འདུག

བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་༨ ཉིན་སྟེ་གཟའ་ལྷག་པའི་ཉིན། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལ་གཙོས་བཙན་བྱོལ་བོད་མི་འདུས་སྡོད་ས་གནས་ཡོངས་སུ་ཉིན་གཅིག་དུས་གཅིག་ཏུ་ལྷག་དཀར་སྲུང་གཙི་དང་མཉམ་དུ། ད་བར་བོད་ནང་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཙོས། བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱས་པ་དང་། རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཆེད། གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གནང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཐོག་ཏུ། བོད་མི་ཚོས་རྒྱ་གཞུང་གི་དམ་དྲག་འོག་གནས་ཡོད་མིན་ལ་མ་ལྟོས་པར། ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་སྐྱ་སེར་བོད་མི་༥༠༠ ཡས་མ་ཤིག་གིས། བོད་ལྭ་གྱོན་པ་དང་བོད་ཟས་འཁུར་ཏེ་རྫོང་ཐོག་ཏུ་ཡོད་པའི་ལུས་རྩལ་ཐང་ཆེན་དུ་འཛོམས་ཏེ། དགོང་དྲོའི་ཆུ་ཚོད་ ༧ པ་བར་རྒྱལ་བའི་གསོལ་འདེབས་དང་མ་ཎི་སོགས་ཞལ་འདོན་སྐྱོར་ཡོད་པ་མ་ཟད། རྫོང་གི་ཉེ་འགྲམ་དུ་ཡོད་པའི་དགོན་པ་ཁག་ཏུ་མཆོད་འབུལ་དང་བསང་གསོལ་བཏང་བ་སོགས་བྱས་ཏེ་ལྷག་དཀར་སྲུང་བརྩི་བྱས་འདུག 

ཁ་སང་མི་མང་མང་པོ་འདུ་འཛོམས་བྱས་རྗེས། ཡུལ་ཤུལ་ས་གནས་སྲིད་གཞུང་གིས་བཀོད་མངགས་ལྟར། དམག་མི་སྟོང་ཕྲག་མང་པོ་རྫོང་གི་སྲང་ལམ་དང་ལུས་རྩལ་རྭ་བའི་མཐའ་བསྐོར་ཡོངས་སུ་འགྲེམས་འཇོག་ལྟ་རྟོགས་བྱས་ཡོད་ཀྱང་། བོད་མི་ཚོས་སྣང་མེད་ངང་གསང་གསོལ་དང་མཆོད་འབུལ་བྱས་པ་ལས་ངོ་རྒོལ་ལས་འགུལ་སྤེལ་མེད་སྟབས། མི་སྣ་འཛིན་བཟུང་གི་གནས་ཚུལ་ཅི་ཡང་ལྷག་མི་འདུག

ལྷག་དཀར་ལས་འགུལ་འདི་ནི། བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེ་པའི་ལས་འགུལ་ཞིག་ཡིན་ཞིང་། བོད་ནང་ལ་མཚོན་ན། བོད་མི་ཚོས་ནམ་རྒྱུན་གཟའ་ལྷག་པའི་ཉིན་བོད་ལྭ་གྱོན་པ་དང་བོད་ཟས་ཟ་བ། མཆོད་འབུལ་སོགས་བྱེད་སྒོ་འདྲ་མིན་ཐོག་སྲུང་བརྩི་བྱེད་བཞིན་པ་མ་ཟད། ཉེ་བའི་ཆར་ཁ་པར་གྱི་ལམ་ནས་བོད་སྐད་གཙང་མ་བཤད་པ་དང་བོད་ཡིག་བྲིས་ཏེ་ཕན་ཚུན་ལ་འཚམས་འདྲིའི་འཕྲིན་ཐུང་བསྐུར་བ་སོགས་ཀྱི་ལྷག་དཀར་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་འདུག

 

 

 

གསར་འགོད་པ། དོན་གོ

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།