སེམས་ཀྱི་ངུ་འབོད།

25/12/2008 12:55

སེམས་ཀྱི་ངུ་འབོད།              

 

བཤེས་གཉེན་དེད་དཔོན་མཛུབ་ཁྲིད་ལ་བརྟེན་ཏེ།།

རྣམ་དཔྱོད་བློ་ཡི་ལྡེ་མིག་འཆང་ནས་ནི།།

ཟབ་ཡངས་ཤེས་བྱ་རིག་པའི་བང་མཛོད་ཀྱི།།

གྱཀའ་གནད་ནོར་བུའི་སྒོ་བརྒྱ་ཕྱེ་བར་འབུངས།།

 

བློ་ངན་གསུམ་གྱི་མྱུ་གུ་གཅོད་པའི་གྲི།།

བློ་རིག་བློ་དང་བརྡར་བའི་བགྲོ་གླེང་སོགས།།

བློ་རྩལ་རིག་པའི་ལག་གདང་སྦྲེལ་བྱས་ཏེ།།

བློ་གྲོས་འདབ་བརྒྱ་བཞད་པའི་ཐབས་ལ་བརྩོན།།

 

ཞེད་དང་འཚེར་བའི་བག་མ་རྒྱབ་ཏུ་བསྐྱུར།།

གཉིས་ཕན་སེམས་ཀྱི་གངས་ལྷ་མངལ་དུ་རུམ།།

དོན་ཞལ་སྒྲིབ་པ་གཏོར་བའི་དྲི་བའི་མདའ།།

སློབ་གྲོངས་བུང་བའི་ཚོགས་སུ་ལྟད་མོ་ཤོམས།།

 

དུས་ཀྱི་འཁོར་ལོ་མི་སྡོད་མྱུར་བར་ཆས།།

རིག་པའི་ལང་ཚོའི་ཁོ་ལག་མ་རྒྱས་པས།།

རྒྱ་ཆེན་ཤེས་བྱའི་ལེགས་བཤད་ལེན་མཛད་པའི།།

ངལ་བ་སྟོང་གི་ཁུར་བོ་ཁྲག་ཏུ་ལོངས།།

 

སྔོན་དེང་མཁས་པའི་གསུང་ཞིམ་སྦྲང་རྩིའི་བཅུད།།

ལེགས་འཐུང་བརྩོན་པའི་གོ་ཆ་བཙན་བགོས་ནས།།

གངས་ཅན་རིག་པའི་མཛོད་ཀྱི་བླ་སྲོག་ཟུངས།།

མི་ཉམས་དབྱར་མཚོའི་ཟླ་ལ་སྦྱར་བར་མཛོད།།

 

འདས་སོང་ལོ་རྒྱུས་གར་གྱི་གོད་ཆགས་ལ།།

གཟུར་གནས་བསམ་གཞིག་སྟོང་གིས་ལེགས་དཔྱད་དེ།།

མ་འོངས་སྐྱིད་པའི་ཁྲི་ལ་འཛེག་པ་ཡི།།

མདུན་བསྐྱོད་རྒྱ་སྟག་ཁྲ་མོའི་མཆོང་སྟབས་ཀྱིས།།

 

མཐའ་ཡས་ལྔ་ཟུང་རིག་པའི་ཡུམ་གྱི་མངལ།།

ཤེས་རྨོངས་མུན་ནག་སེལ་བའི་སྣང་གསལ་མ།།

གངས་ལྗོངས་རིག་གཞུང་འཚོ་བའི་བདུད་རྩི་སྨན།།

དབྱངས་གསལ་སོ་བཞིའི་ཕྲིན་ལས་རྒྱས་པར་སྨོན།།

 

 

འདི་ན་ཚངས་སྲས་དགྱེས་བའི་སྙན་འགྱུར་མེད།།

འདི་ན་དྲན་དབང་མགུ་བའི་རིག་མདའ་མེད།།

འདི་ན་གངས་ཕྲུག་ཅིག་གི་སེམས་ཁམས་སུ།།

ལྷད་མེད་བཅོས་སུ་མེད་པའི་རོལ་མི་ཞིག །

དཀོན་མཆོག་གིས་སྤྱི་ལོ་༢༠༠༨་སྤྱི་ཟླ་༡༢་ཚེས་ཉིན།།

 

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།