རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད།

15/09/2012 19:19

 

རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད།

བོད་ཀྱི་དུས་བབ།


གྲོས་ཚོགས་ཚོགས་དུས་བཞི་པའི་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་འཆར་ཞིག་གི་ཐོག་བགྲོ་གླེང་གནང་སྟེ། སྤྱི་འཐུས་ ༢༥ ཙམ་གྱིས་བགྲོ་གླེང་གི་ཆ་ཤས་བླངས་མཐར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་དགོངས་ཚུལ་གསུངས་ཡོད།   

ཁ་སང་ཕྱི་ཚེས་ ༡༥ ཉིན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་དབུ་འཛུགས་ལས་རིམ་ཁག་གྲུབ་རྗེས་ཚོགས་འདུའི་ཉིན་དང་པོའི་ཉིན་ཧྲིལ་བོར། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་ ༦ ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག གྲོས་ཚོགས་འཐུས་མི་  ༢༥ ཙམ་བགྲོ་གླེང་གི་ཆ་ཤས་བླངས་ཏེ། བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ལ་མཐོང་ཕྱོགས་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་མིན། དེ་བཞིན་བཙན་བྱོལ་བོད་མི་ཚོས་བོད་ནང་གི་ཛ་དྲག་གནས་བབས་ལ་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་གནང་མཐར།  བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་འདས་པའི་ཕྱི་ཟླ་ ༣ པ་ནས་ད་ལྟའི་བར་གྱི་བཤའ་ཤག་གི་ལས་རིམ་ཁག་ཅིག་ངོ་སྤྲོད་དང་འབྲེལ།བོད་ནང་ཛ་དྲག་གནས་སྟངས་ཐད་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གི་ལོག་བཤད་རྣམས་ཐེར་འདོན་གྱིས་དངོས་ཡོད་བདེན་པའི་གནས་སྟངས་ལ་རྒྱབ་སྐྱོར་རག་ཐབས་ཀྱི་འབད་བརྩོན་ག་རེ་གནང་ཡོད་མེད་གྲོས་ཚོགས་ལ་སྙན་སྒྲོན་དང་།  བོད་ནང་གི་རང་ལུས་མེར་བསྲེགས་ཐད་བཀའ་ཤག་གི་ལངས་ཕྱོགས་གསལ་བཤད་བཅས་གནང་སོང་

བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རང་ལུས་མེར་བསྲེགས་ཐད། བཀའ་ཤག་གི་ལངས་ཕྱོགས་གསལ་སྟོན་གནང་དོན།  “མི་གཞན་གྱིས་སོ་སོའི་ལུས་ལ་མེར་སྤར་ཏེ་བློས་གཏོང་གནང་བ་མཐོང་ཡོང་དུས། མི་ཡིན་པའི་ཆ་ནས་རང་བཞིན་གྱིས་སེམས་ནང་དེ་འདྲ་མ་བྱས་ན་བསམ་པའི་ཚོར་བ་ཡོང་གི་རེད་ལ། ཚང་མ་མི་ཞིག་ཡིན་པས་ཆ་ནས་ཡོང་དགོས་ངེས་ཤིག་ཀྱང་རེད། དེར་བརྟེན།  ཉེན་ཚབས་ཆེ་བའི་ལས་འགུལ་མ་སྤེལ་རོགས་གནང་ཞེས་ང་ཚོས་ཞུས་ཡོད། ཡིན་ནའང་ རང་ལུས་མེ་ལ་ཕུལ་ཚར་བ་དང་འདས་གྲོངས་ཕྱིན་བའི་རྗེས་ལ། ནང་པ་ཡིན་པའི་ཆ་ནས་མཆོད་འབུལ་སྨོན་ལམ་འབུལ་རྒྱུ་དེ་ང་ཚོའི་འགན་རེད། དེ་ཡིན་དུས་མཆོད་འབུལ་སྨོན་ལམ་བྱེད་ཀྱིན་ཡོད། ཁོང་ཚོས་བོད་དང་བོད་མིའི་ཆེད་དུ་རང་ལུས་མེ་ལ་ཕུལ་ཡོད་སྟབསབོད་པ་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་ཡོད། ལྷག་པར་དུ།  ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་།  བོད་མིར་རང་དབང་དགོས་པའི་ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད། འདི་ང་ཚོ་བཀའ་ཤག་གི་ལངས་ཕྱོགས་ཡིན་པ་དེཡིག་ངག་གཉིས་ཐོག་ནས་རྒྱལ་སྤྱིའི་སྟེང་ཕུལ་ཡོད་ལ། བཀའ་བློན་རྣམ་པ་གང་དུ་ཕེབས་ཀྱང་དེ་ལྟར་ཞུས་བསྡད་ཡོད།” ཅེས་གསུངས་སོང་   

བཀའ་ཁྲི་མཆོག་གིས་རྒྱ་གཞུང་གིས་ ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་བསྲེགས་ཐད་བརྒྱུད་སྐུལ་བྱེད་ཀྱིན་ཡོད་སྐོར།  རྒྱལ་སྤྱིའི་སྒང་ཧམ་བཤད་བྱས་ཏེ་ཚུར་ཁ་མཆུ་འཛུགས་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་སྟབས།  བཀའ་ཤག་གི་ངོས་ནས་དངོས་ཡོད་བདེན་པའི་གནས་སྟངས་རྒྱལ་སྤྱིའི་སྡིང་ཆར་བསྐྱལ་ཐབས་ཞུས་ཏེ། ད་ལྟའི་ཆར་བདེན་པ་ང་ཚོར་ཡོད་པ་ར་འཕྲོད་གསལ་ཁ་བྱུང་ཡོད་པ་མ་ཟད། ཉེ་ཆར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་དང་།  ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀྱི་ཚོགས་ཆུང་སྙན་ཐོ་བཅས་ཀྱི་ནང་ བོད་ནང་རང་ལུས་མེར་ལ་ཕུལ་མཁན་གྱི་རྐྱེན་རྩ་དེ་རྒྱ་ནག་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ་བརྟེན་ནས་བྱུང་ཡིན་པ་གསལ་འདོན་བྱུང་ཡོད་སྐོར་དང་། དེ་བཞིན། རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་དང་རིག་གནས། འཕྲུལ་རིག  ཤེས་ཡོན་སོགས་ཡར་རྒྱས་ཆེན་པོ་བཏང་ཚུལ་བརྗོད་ཡོད་ཀྱང་།  བོད་ལུང་པ་རྒྱ་འོག་ལ་ཤོར་བའི་རྗེས་སུ་སྐྱེས་མཁན་བོད་མི་ཚོས་སོ་སོའི་རྩ་ཆེ་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱེད་བཞིན་པ་འདིས།  རྒྱ་གཞུང་གི་བཤད་ཀྱིན་པ་དེ་དག་ནི་ཧམ་བཤད་དང་བདེན་པ་མ་ཡིན་པ་ཁུངས་སྐྱེལ་གསལ་བོ་བྱས་ཡོད་སྐོར་བརྗོད་ཡོད། 

གཞན་ཡང་། བཀའ་ཁྲི་མཆོག་གིས་ “ང་ཚོས་ལས་འགུལ་སྤེལ་བའི་སྐབས་མི་བརྒྱ་ཕྲག་འགའ་དང་ཁྲི་སྟོང་ཙམ་འཛོམས་སྲིད་པ་དང་།  ཚོར་བའི་རྣམ་པའི་ཐོག་ནས་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཡིན་ནའང་ ཁྱབ་ཆེ་ཆུང་གི་ཐོག་ནས་རྩོམ་ཡིག་ཡག་པོ་གཅིག་བྲིས་པ་ཡིན་ན་མི་ས་ཡ་བརྒྱ་ཕྲག་མང་པོས་ཀློག་ཐུབ་ཀྱི་རེད།”ཅེས་གསུངས་ཏེ།  རྩོམ་ཡིག་སྤེལ་དགོས་པ་གལ་ཆེན་པོ་ཡིན་པ་གསལ་བཤད་དང་སྦྲགས།  འདས་པའི་ལོ་གཅིག་རིང་ནེའུ་ཡོག་དུས་བབ་དང་། ཝ་ཤིན་ཊོན་ཆ་འཕྲིན་བཅས་ཀྱི་སྟེང་སྔ་ཕྱིར་རྩོམ་ཡིག་ཚར་གསུམ་བྲིས་པ་མ་ཟད།  ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས།  ཧིན་དྷི་ཉི་ཞི་ཡ་དང་ཐེ་ལན་ཌི། ཐེ་ཝན་བཅས་ཀྱི་ཚགས་པར་ནང་བཏོན་ཐུབ་པ་བྱུང་ཡོད་པ་དང་། ད་ལོ་ནི་ཞུ་གཏུགས་ཀྱི་ལོ་ཞིག་ཡིན་ཅེས་བརྗོད་ཟིན་པ་ལྟར།  ཡུ་རོབ་དང་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་འཇོག་ཐུབ་པ་བྱུང་བ། རྒྱལ་ཁབ་མང་པོ་ཞིག་གིས་ཡིག་ངག་གཉིས་ཐོག་ནས་ང་ཚོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཕུལ་འབྱོར་བྱུང་ཡོད་པ།  དེ་བཞིན། རྒྱལ་ཁབ་རེ་རེའི་གྲོས་ཚོགས་ལ་བཅར་བའི་ཐོག་ནས། ལམ་སེང་གྲོས་ཆོད་འཇོག་མ་ཐུབ་པ་ཡིན་ནའང་ གྲོས་ཚོགས་ནང་བགྲོ་གླེང་དང་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཐུབ་པ་ཡིན་ནའང་གལ་ཆེན་པོ་ཡིན་པ།  མཉམ་འབྲེལ་རྒྱལ་ཚོགས་རྒྱབ་སྐོར་རག་པ་ལ་འཛམ་གླིང་རྒྱལ་ཁབ་ ༡༩༠ ལྷག་ཡོད་པ་རེ་རེར་བཅར་དགོས་སྟབས།  ཚང་མས་འབད་རྩོན་གནང་རྒྱུ་གལ་ཆེན་པོ་ཡིན་པ་བརྗོད་སོང་

མཇུག་མཐར། བཀའ་ཁྲི་མཆོག་གིས་ “ད་ལྟའི་བར་དུ་བཀའ་ཤག་གི་ངོས་ནས། བོད་ནང་གི་ཛ་དྲག་གནས་སྟངས་ཐོགགང་ཐུབ་ཅི་ཐུབ་འབད་རྩོན་ཞུས་པ་ཡིན།བོད་ནང་དུ་ཡོད་པའི་བོད་མི་ཚོས་རེ་བ་ནང་བཞིན་དང་ དེ་བཞིན། གྲོས་ཚོགས་ཀྱིས་རེ་བ་བྱས་པ་ནང་བཞིན་མ་བྱུང་ཡང་། གང་ལ་གང་འཚམ་གྱི་ཕྲན་བུ་ཞབས་སྒྲུབ་ཐུབ་པ་བྱུང་སོང་ ང་རང་ཚོ་བཀའ་ཤག་ནང་ཡོད་པའི་མི་བདུན་པོས་འཇོན་བཞག་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད། གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན། དེ་བཞིན། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བཅས་ལ་བརྟེན་ནས་བྱུང་བ་རེད།ཅེས་གསུངས་སོང་།   

གསར་འགོད་པ། ཚེ་རིང་རྒྱལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།