གཡོ་འོག་ཏུ་མ་ཚུད་རོགས

15/05/2012 12:46

 

སྦེལ་རྗམ་དུ་བོད་མི་ཚོས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར།

 

རྒྱ་གཞུང་གིས་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་སྦེལ་རྗམ་དུ་བཏང་སྟེ། ཡུ་རོབ་གྲོས་ཚོགས་སོགས་དཔོན་ཁག་ལ་ཐུག་འཕྲད་བྱས་ཡོད་པར་བརྟེན། ཟླ་འདི་ཚེས་༡༤ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད་པ་རེད།

དེ་ཡང་ས་གནས་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་བྱམས་པ་ཕུན་ཚོགས་དང་། མངའ་རིས་ས་ཁུལ་གྱི་མགོ་གཙོ་ཟླ་བ་བཀྲ་ཤིས། བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་འཐུས་མི་སྟོང་དགའ་བཅས་ཀྱིས་སྣེ་ཁྲིད་པའི་མི་གྲངས་བཅུ་ལས་གྲུབ་པའི་བོད་རང་སྐྱོངས་ལྗོངས་ཟེར་པའི་མཐོ་རིམ་སྐུ་ཚབ་ཚོགས་པ་ཞིག ཟླ་འདིའི་ཚེས་༡༤ ཉིན་ཡུ་རོབ་གྲོས་ཚོགས་ནང་སླེབས་ཡོད་པ་རེད།
 

14_5_2012

སྐབས་དེར་སྦེལ་ལྗམ་བོད་རིགས་ཚོགས་པས་གཞུང་ལ་ཆོག་མཆན་དང་གོ་སྒྲིག་ཞུས་ཏེ། རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་དང་འབྲེལ། བོད་རིགས་དེ་དག་རྒྱ་གཞུང་གིས་བེད་སྤྱོད་འོག་ཚུད་དེ་བྱ་དཀའ་བྱེད་གཏད་ཆགས་པ་ཞིག་ལས། བོད་མི་རིགས་ལ་ཤ་ཞེན་རྩ་ནས་མེད་མཁན་ཞིག་མིན་པའི་རེ་བ་བྱས་ཏེ། ཁོང་ཚོ་བརྒྱུད་རྒྱ་གཞུང་ལ་བོད་ནང་གི་ཞི་བའི་མི་མང་ཐོག་དྲག་ཤུགས་བེད་སྦྱོད་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་ནང་རྒྱལ་སྤྱིའི་རྟོགས་ཞིབ་པ་དང་གསར་འགོད་པ་བསྐྱོད་འཇུག་དགོས་པ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་སླད་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འཕྲལ་དུ་མགོ་འཛུགས་དགོས་རྒྱུའི་འབོད་སྐུལ་ཞུ་ཆེད། ཡུ་རོབ་གྲོས་ཚོགས་ཀྱི་མདུན་དུ་མི་མང་གིས་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།