གཏེར་ཁ་སྔོག་འདོན་དང་མི་མང་གི་དཀའ་ངལ

24/07/2012 23:50

 

གཏེར་ཁ་སྔོག་འདོན་དང་མི་མང་གི་དཀའ་ངལ།

 

བོད་ཆབ་མདོ་བྲག་གཡབ་རྫོང་དགེ་ཐང་ཤང་ཁུལ་གྱི་རི་མང་པོར་ ཕྱི་ལོ་ཉིས་སྟོང་གསུམ་ལོ་ཙམ་ནས་ རྒྱ་ནག་གཞུང་གིས་གསེར་དང་ཟངས་ཀྱི་གཏེར་ཁ་བསྔོགས་འདོད་བྱས་ནས་ ས་གནས་དེའི་ཁྱོན་ཡོངས་ཀྱི་ཁོར་ཡུག་ཙམ་མ་ཟད་། ས་གནས་མི་སེར་གྱི་ཞིང་ཁ་དང་སྒོ་ཕྱུག་སེམས་ཅན་ལ་ཡང་གནོད་འཚེ་ཚབས་ཆེ་ཕོག་བཞིན་ཡོད་པའི་སྐོར་ས་གནས་བོད་མི་ཚེ་རིང་རྡོ་རྗེ་ཡིས་འདི་གའི་གསར་འགོད་པར་བརྗོད་དོན། ཆབ་མདོ་བྲག་གཡབ་ཁུལ་དུ་ལོ་ངོ་བཅུ་གྲངས་ལྷག་གི་གོང་ནས་རྒྱ་ནག་གཞུང་གིས་གཏེར་ཁ་བསྔོགས་འདོན་ལས་གཞི་སྤེལ་ནས་ས་གནས་དེའི་ནང་གནས་པའི་རི་མང་པོ་ཞིག་ལ་གཏོར་སྐྱོན་བཏང་ཡོད་པ་དང་།  ལྷག་པར་དུ་གཏེར་ཁ་བསྔོགས་འདོན་བྱས་ནས་ས་གནས་དེའི་ཞིང་པའི་ས་ཞིང་ལ་གནོད་འཚེ་བཏང་ཡོད་མ་ཟད་། སྒོ་ཕྱུག་སེམས་ཅན་གཏེར་ཁ་སྔོག་འདོན་བྱེད་སའི་རི་རྒྱུད་དུ་ཕྱིན་ཚེ་ལོག་མ་ཐུབ་པར་ཤི་འགྲོ་བའི་གནས་ཚུལ་ཧ་ཅང་ཛ་དྲག་ཡོད་པ་དང་། ཁོང་གིས་མུ་མཐུད་དུ། ས་གནས་མི་མང་ཚོས་རྒྱ་ནག་གཞུང་ལ་ས་གནས་ནང་གཏེར་ཁ་སྔོག་འདོན་མཚམས་འཇོག་གིས་ཁོར་ཡུག་ལ་སྲུང་སྐྱོབ་གནང་རྒྱུའི་རེ་འདུན་རིམ་པ་ཞུས་ཡོད་ཀྱང་། དོན་འབྲས་གང་ཡང་སོན་མེད་ཁར་ས་གནས་མི་མང་ཚོས་ཁོར་ཡུག་དང་རང་ཉིད་ཀྱི་ས་ཞིང་དང་། སྒོ་ཕྱུགས་སེམས་ཅན་སྲུང་སྐྱོབ་ཆེད་སྐད་འབོད་དང་ཞུ་གཏུགས་བྱ་རྒྱུ་སོགས་ཀྱི་བསམ་ཚུལ་ཡོད་ཀྱང་།  དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཆེན་པོ་བྱས་ནས་དམག་མི་གང་སར་འགྲེམས་འཇོག་བྱས་པའི་འོག་ས་གནས་མི་མང་ཚོར་ཐབས་ལམ་གང་ཡང་མེད་སྐོར་ངོ་སྤྲོད་གནང་འདུག

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།