དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུ

20/05/2012 16:39

 

 

དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུ་གཏན་འབེབས་བྱས་འདུག

ཟླ་འདིའི་ཚེས་༡༨ ཉིན་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དགེ་བཤེས་མའི་ལག་ཁྱེར་སྤྲོད་ཕྱོགས་སྐོར་ལ། བགྲོ་གླེང་ཞིག་འཚོགས་ཏེ། སློབ་སྦྱོང་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུ་གཏན་འབེབས་བྱས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༨ ཉིན་བོད་གཞུང་ཆོས་རིགས་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འཚོགས་ཁང་དུ། དགེ་བཤེས་མའི་ལག་ཁྱེར་སྤྲོད་མིན་གྱི་སྐོར་ལ་ཉིན་གཉིས་རིང་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། inter1ཕྱི་ཚེས་༡༩ ཉིན་འདི་གའི་གསར་འགོད་པས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ་ཐག་གཅོད་གང་བྱུང་ཡོད་མེད་སྐོར་བཅར་འདྲི་བྱས་པར། ཁོང་གིས་“སློབ་སྦྱོང་མཐར་ཕྱིན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་ཁྱེར་སྤྲོད་དགོས་མིན་དང་། རྒྱུགས་སྤྲོད་ཕྱོགས་ལ་ང་ཚོས་ཉིན་གཉིས་ཀྱི་རིང་གྲོས་བསྡུར་ལྷུག་པོར་བྱས་ཏེ། མཐར་སྒྲིག་གཞི་གཏན་འབེབས་ཀྱིས་མ་འོངས་པར། སློབ་སྦྱོང་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུ་བྱས་ཡོད། དེ་ཡང་གཙོ་བོ་དེ་༧གོང་ས་མཆོག་གིས་༡༩༩༥ ནས་བཟུང་སྟེ་བཀའ་སློབ་ཐེངས་མང་པོ་གནང་ཡོད་པ་དང་། ཉེ་ཆར་སྤྱི་༣ པའི་ཚེས་༨ ཉིན་ཡང་སློབ་སྦྱོང་མཐར་སོན་པའི་བཙུན་མ་དེ་ཚོ་ལ་དགེ་བཤེས་མའི་ལག་ཁྱེར་སྤྲད་པའི་དུས་ལ་བབ་འདུག་གསུངས་ཡོད་རེད། དེར་བརྟེན། ང་ཚོས་དེ་གཞིར་བཞག་བྱས་ནས་འཚོགས་འདུ་དེ་གོ་སྒྲིག་བྱས་པ་ཡིན། དེའི་སྔོན་དུ་ང་ཚོ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་གཉིས་ཀྱི་སར་བཅར་ནས་ལམ་སྟོན་ཞུས་པ་གཞིར་བཟུང་གིས། ང་ཚོས་ཐག་ཆོད་བྱས་ཏེ་སྒྲིག་གཞི་གཏན་འབེབས་བྱས་ཡོད། དེ་རིང་གི་ཚོགས་འདུ་དེར་དགེ་བཤེས་ལྷ་རམས་པ་མང་པོ་ཕེབས་ཡོད་རེད། ཁོང་རང་ཚོ་ལ་དེའི་སྐོར་གྱི་ཉམས་མྱོང་འདུག ཐག་ཆོད་དེ་ཡག་པོ་ཞེ་དྲག་བྱུང་སོང་བསམ་གྱི་ཡོད། ང་ཚོས་འདི་ནས་གང་གཏན་འབེབས་གང་བྱས་པ་དེ། ༧གོང་ས་མཆོག་ལ་འབུལ་འཆར་ཡོད་”ཅེས་བརྗོད་སོང་།

ཐེངས་འདིིའི་འཚོགས་འདི་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། ཆོས་རིག་བཀའ་སློན་པདྨ་ཆོས་འབྱོར་མཆོག བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག གཞན་ཡང་ངྷ་སའི་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་དང་། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་། བོད་ཀྱི་བཙུན་མའི་ལས་འཆར་སོགས་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བཙུན་དགོན་ཁག་ལྔའི་སྐུ་ཚབ་འདུ་འཛོམས་བྱུང་ཡོད་པ་རེད། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།