བོད་མི་གཉིས་ཀྱིས་མེར་བསྲེགས

20/06/2012 18:27

 

བོད་མི་གཉིས་ཀྱིས་མེར་བསྲེགས།
 
 
དེ་རིང་ཕྱི་དྲོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁང་ཚན་གྱི་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་དང་། རང་ལོ་ ༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག  
  
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ངག་དབང་ནོར་འཕེལ་ནི་ཨ་མདོ་རྔ་བ་རྫོང་གི་ཡིན་འདུག་ལ། ཕ་མིང་ལ་ལྷག་པ་དོན་འགྲུབ་དང་ཨ་མའི་མིང་ལ་ཚེ་རིང་དབྱངས་ཅན་འབོད་ཀྱི་ཡོད་འདུག ལོ་ཤས་གོང་རྫ་སྟོད་དུ་ཡོང་སྟེ་བསྡད་ཡོད་འདུག བསྟན་འཛིན་མཁས་གྲུབ་ལགས་ནི། ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་ཞིང་།ཕ་མིང་ལ་ལེགས་གྲུབ་དང་མ་སྐྱིད་འཛོམས་།དེ་སྔོན་ཟིལ་དཀར་དགོན་གྱི་གྲྭ་བ་ཡིན་ལ་ཉིས་སྟོང་དྲུག་ལོར་སྐྱ་སར་བབས་འདུག
 

ཉེ་ཆར་ཁོང་གཉིས་ཀྱིས་མེར་བསྲེགས་མ་བཏང་བའི་སྔོན་དུ་ཞལ་ཆེམས་ཡི་གེ་ཅིག་བཞག་ཡོད་པའི་ནང་། ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་པར་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་ཏུ་བརྟན་པ་དང་། གཞན་ཡང་ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་འདེམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་། ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མ་བྱེད་པའི་དམ་བཅའ་དང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་འཁོད་འདུག
 

  

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།