བཀའ་ཁྲི་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་འཚམས་གཟིགས་ཀྱི་མི་མང་ལ་གསུང་བཤད་གནང་བ།

04/08/2012 12:50

 

བཀའ་ཁྲི་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་འཚམས་གཟིགས་ཀྱི་མི་མང་ལ་གསུང་བཤད་གནང་བ།

 

༢༠༡༢ ཟླ་ ༨ ཚེས་ ༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འཚམས་གཟིགས་གནང་བ་དང་ཆབས་ཅིག་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མི་མང་གི་ཚོགས་ཁང་ནང་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་ལ་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟའི་ཆར་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་སྐབས། བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་རག་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས། ང་དང་ཕྱག་རོགས་བཀའ་བློན་རྣམ་པས་ཕྱི་རྒྱལ་ཡུལ་གྲུ་ཁག་གཅིག་ལ་ཕེབས་ཡོད། དཔེར་ན། ངས་སྔོན་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིར་བཅར་བ་ཡིན། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཐོག་གྲོས་ཆོད་བཞག་ཐུབ་ཡོད། ལོ་ཉི་ཤུའི་རྗེས་སུ་གྲོས་ཆོད་བཞག་པ་དང་པོ་རེད། ཡུ་རོབ་གྲོས་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་བཞག་ཡོད། ཉི་ཧོང་གི་འཐུས་མི་དྲུག་ཅུ་བརྒལ་བ་དང་སྐུ་ཚབ་སུམ་ཅུ་སོ་གྲངས་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཡོད་ཅེས་ཡིག་ཆ་བཏོན་ཡོད་པ་དེ་ནི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད། ཉེ་ཆར་ཨོ་སི་ཊོ་ལི་ཡར་བཅར་ཏེ་གྲོས་ཚོགས་འཐུས་མི་ ༤༠ བརྒལ་བར་མཇལ་འཕྲད་ཞུས་ཏེ་བོད་དོན་སྐོར་ལ་ཞུས་པ་ཡིན། ཞེས་དང་།

ལྷག་པར་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་ལྟ་གྲུབ་གསུམ་ངོ་སྤྲོད་གནང་བ་དང་ལྷན་གསུང་དོན། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་འཆར་སྣང་གཞི་བཟུང་བྱས་ན། བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་སུ་ལོ་རྒྱུས་ཐོག་སྐུ་ལས་ཧ་ཅང་བསྐྱོན་ཡོད། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ཁྱབ་ཐུབ་པ་གནང་རྒྱུའི་འབད་བརྩོན་གནང་བ་དེ་ཚང་མས་ཤེས་གསལ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐབས་སུ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ལ་རྒྱ་དང་ཆིག་སྒྲིལ་རྣམ་པ་འདི་ལོ་རྒྱུས་ནང་ཕལ་ཆེར་ཆོས་རྒྱལ་སྐབས་སུ་བྱུང་ཡོད་ངེས་རེད་མ་གཏོགས་ཉེ་བའི་ལོ་རྒྱུས་ནང་བོད་མིའི་ཆིག་སྒྲིལ་གྱི་རྣམ་པ་ད་ལྟ་བཞིན་བྱུང་མེད། ཅེས་བརྗོད་ན་མི་ཆོག་པ་མེད། དེ་བཞིན་བོད་དོན་ལ་རྒྱལ་སྤྱིའི་སྤྱི་ཡོངས་ནས་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེན་པོ་འཐོབ་བཞིན་པ་དེ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། བཀའ་ཤག་བརྒྱུད་ནས་སུད་འཚོང་བ་ཚོར་ཐུགས་ཕན་སོས་པའི་ལས་གཞི་ཆུང་ཚགས་འགའ་ཞིག་སྤེལ་གྱི་ཡོད། སློབ་གྲྭ་ཡིན་རུང་ང་ཚོས་ཡར་རྒྱས་གཏོང་ཕྱོགས་ཐོག་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་གསུང་བཤད་གནང་སྟེ་མང་ཚོགས་ཀྱི་དྲི་བ་འདྲ་མིན་ཁག་ལ་ལན་འདེབས་གནང་ཡོད་པ་བཅས། །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།