ཁམས་ལི་ཐང་རྫོང་གི་རྫི་པ་ས་གནས་ཀྱི་མི་མང་ལ་དྲག་རྡུང་།

04/08/2012 12:52

 

ཁམས་ལི་ཐང་རྫོང་གི་རྫི་པ་ས་གནས་ཀྱི་མི་མང་ལ་དྲག་རྡུང་།

བོད་ཀྱི་བང་ཆེན།།

ཟླ་འདིའི་ཚེས་༡ དང་ཚེས་༢ ལ་ཁམས་ལི་ཐང་རྫོང་འགྲམ་སྣ་ཤང་། རྫི་པ་གྲོང་སྡེའི་ནང་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ་སྐབས། མི་མང་གིས་མོས་མཐུན་མ་བྱས་པས། ཉེན་རྟོག་པ་དང་དམག་མི་བཏང་ནས་མི་མང་ལ་གཅར་རྡུང་བྱས་པ་དང་། མི་མང་པོ་བཀག་ཉར་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༣ ཉིན་མིང་བརྗོད་འདོད་མེད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྔོན་མ་བོད་ཀྱི་ལོ་རྒྱུས་ཐོག་ཁམས་འབའ་སྡེ་ཡིན་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་ས་ཆ་བཅད་བགོས་བྱེད་སྟངས་བྱས་ན། ཁམས་ལི་ཐང་རྫོང་འགྲམ་སྣ་ཤང་། རྫི་པ་གྲོང་དུ་༢༠༠༨ ལོ་ནས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་ཐེངས་མང་སྤེལ་བར་མི་མང་གིས་ངོས་ལེན་བྱས་མེད་པ་དང་། ཟླ་འདིའི་ཚེས་༡ དང་ཚེས་༢ ཉིན་རྒྱ་ནག་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་ཡོང་ནས་ས་ཁག་གསུམ་དུ་མི་མང་བསྡུ་བསྐོང་བྱས་པ་དང་། རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་གྱི་མིང་འོག་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་སྐོར་བརྗོད་པར། མི་མང་གིས་ངོས་ལེན་མ་བྱས་པར། ཉེན་རྟོག་པས་མི་མང་ལ་གཅར་རྡུང་བྱས་པ་དང་། བོད་ཆས་གྱོན་མཁན་ཚོར་བོད་ཆས་གྱོན་དགོས་དོན་གང་ཡིན་རྩད་གཅོད་ཀྱིས་གྱོན་ཆས་གཙབ་ཧྲལ་བཏང་བ་སོགས་བྱས་པ་མ་ཟད། ཁག་ཅིག་ལ་རྨས་སྐྱོན་ཡང་ཐེབས་ཡོད་འདུག་ལ། མི་མང་དགུ་བཅུ་ཙམ་ལི་ཐང་རྫོང་གི་འགྲམ་སྣ་ཤང་ཐོག་ཏུ་བཀག་ཉར་བྱས་ཡོད་པ་དང་། དེའི་ནང་ནས་རྨས་སྐྱོན་ཚབས་ཆེན་ཐེབས་པ་གཉིས་ཕྱིར་བཏང་ཡོད་པས། ད་ལྟ་ལི་ཐང་རྫོང་སྨན་ཁང་དུ་འཁྲིད་ཡོད་འདུག ད་ལྟ་ས་གནས་དེར་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། དམག་མི་རླངས་འཁོར་༧ ཙམ་གསར་དུ་འབྱོར་ཡོད་འདུག །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།