ལྷ་སར་བོད་མི་བཀག་ཉར་དང་ཕྱིར་ཕུད་གཏོང་གི་ཡོད་འདུག

01/06/2012 15:59

 

ལྷ་སར་བོད་མི་བཀག་ཉར་དང་ཕྱིར་ཕུད་གཏོང་གི་ཡོད་འདུག
   བོད་ཀྱི་བང་ཆེན།།
བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་བརྒྱ་ཕྲག་མང་པོ་བཀག་ཉར་དང་། བོད་བྱང་ཤར་ཁུལ་དུ་དམ་བསྒྲགས་ཆེ་རུ་བཏང་རྗེས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་ཡོད་ཅེས་གནས་ཚུལ་སྤེལ་འདུག
ཕྱི་ཟླ་༥ ཚེས་༣༡ ཉིན་བོད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བོད་བྱང་ཤར་ཁུལ་དུ་སླར་ཡང་བོད་པའི་བུད་མེད་གཅིག་གིས་རང་ལུས་མེར་བསྲེག་བཏང་རྗེས་ཁུལ་དེར་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེ་རུ་བཏང་བ་མ་ཟད། ལྷག་པར་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུའང་བོད་མི་བརྒྱ་ཕྲག་མང་པོ་ཞིག་དམ་དྲག་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་ཡོད། བོད་བྱང་ཤར་ཨ་མདོ་རྔ་པ་བར་མ་ནང་རྟེན་གཞི་བྱས་པའི་ཛམ་ཐང་ཇོ་ནང་དགོན་པའི་ཉེ་འཁྲིས་སུ་རང་ལོ་ ༣༦ ཡིན་པ་ཕྲུ་གུ་གསུམ་གྱི་ཨ་མ་རི་ཀྱོ་ལགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད།
སྐབས་དེར་ས་གནས་བོད་མི་ཁག་གཅིག་གིས་རི་ཀྱོ་ལགས་ཀྱི་སྐུ་ཕུང་ཛམ་ཐང་དགོན་པའི་ནང་ཁྱེར་ཏེ། ཛམ་ཐང་དགོན་པའི་དགེ་འདུན་པ་སྟོང་ཚོ་བརྒལ་བས་སྨོན་ལམ་གསུང་འདོན་གནང་ཡོད། གནས་ཚུལ་དེ་བྱུང་མ་ཐག་རྒྱ་ནག་ས་གནས་སྲིད་གཞུང་གིས་རི་ཀྱོོ་ལགས་ཀྱི་སྐུ་ཕུང་འཕྲལ་མར་ཞུགས་འབུལ་མ་བྱས་ཚེ་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བཏང་བར་བརྟེན་ཛམ་ཐང་དགོན་པའི་ཉེ་འདབས་སུ་ཉིན་དེའི་མཚན་མོའི་ཆུ་ཚོད་ ༡༡ ཙམ་ལ་སྐུ་ཕུང་ཞུགས་འབུལ་བྱེད་དགོས་ཐུག་ཡོད་ཅེས་འཁོད་འདུག
གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། ལྷག་པར་བོད་ཀྱི་རྒྱལ་ས་ལྷ་སར་རེས་གཟའ་ཉི་མའི་ཉིན་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་རྗེས། རྒྱ་མིའི་ཉེན་རྟོག་མི་སྣ་དང་དམག་མིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། བོད་མི་གྲངས་ ༦༠༠ ཙམ་བཀག་ཉར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་འབྱོར་བའི་བོད་མི་རྣམས་ཕྱིར་འབུད་བྱེད་བཞིན་ཡོད་འདུག ད་བར་བོད་མི་ ༣༨ གྱིས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཏེ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁོངས་ནས་བོད་མི་ ༢༩ འདས་གྲོངས་སུ་གྱུར་ཡོད་པ་དང་། གཞན་རྣམས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པའམ་ཡང་ན་ཕན་མེད་ཆགས་ཡོད་པ་མ་ཟད། རང་ལུས་མེར་སྲེག་གཏོང་མཁན་བོད་མི་ལྔ་ད་ལྟའི་ཆར་ས་གནས་གང་དུ་ཡོད་པ་དང་གནས་སྟངས་ཇི་ཡིན་ཤེས་རྟོག་གང་ཡང་ཐུབ་ཀྱི་མེད་ཅེས་འཁོད་འདུག །
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།