སྲོག་ཁྲིམས་བཀལ་ཡོད།

03/12/2008 23:57

 

བོད་ཀྱི་མགོ་ལ་སྲོག་ཁྲིམས་བཀལ་ཡོད།

 

ཚེས་ ༢ ཉིན་གྱི་ཞོགས་པ༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Karel Schwarzenberg དང་ལྷན་དུ་ཞོགས་པའི་གསོལ་ཚིགས་བཞེས་ཡོད་པ་དང༌།  ༧གོང་ས་མཆོག་གིས་ཕྱི་སྲིད་བློན་ཆེན་ལ་ངོས་རང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་དང་གཞུང༌།  སྲིད་འཛིན་ཟུར་བ་སྐུ་ཞབས་Havel མཆོག།  གྲོས་ཚོགས། གླེང་སྟེགས་ ༢༠༠༠ སོགས་ཀྱིས་བློ་རྩ་བརྟན་པོས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བཞིན་པར་དགའ་བོ་བྱུང་ཡོད་ལ། ད་ལྟའི་ཆར་བོད་མི་ཚོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཛ་དྲག་གི་གནས་བབ་ཅིག་ཏུ་ཡོད་ལ། བོད་ཀྱི་མགོ་ལ་སྲོག་ཁྲིམས་བཀལ་ཡོད། ་བོད་ཀྱི་རིག་གཞུང་ཡང་རྩ་གཏོར་ལ་གཏོང་བཞིན་པ་དང༌། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ནི་ནག་ཉེས་ཅན་ཞིག་ཏུ་བརྩི་གིན་འདུག་ཅེས་གསུངས་ཡོད་པ་དང༌། ཕྱི་སྲིད་བློན་ཆེན་སྐུ་ཞབས་ Karel Schwarzenberg  མཆོག་ནས། ༧གོང་ས་མཆོག་ཁྱེད་ཉིད་ང་ཚོས་གདན་འདྲེན་གནང་ཐུབ་བྱུང་བ་ནི་ང་ཚོའི་རླབས་ཆེན་གྱི་གོ་སྐབས་བཟང་པོ་ཡིན་བསམ་གི་ཡོད་ལ། ང་ཚོར་ཡང་ཆོས་ཀྱི་ཤེས་རྟོགས་དགོས་གི་འདུག་ཅེས་གསུངས་ཡོད་པ་རེད། 
 

ཉིན་འདི་དག་ལ་༧གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་དུ་གཟིགས་སྐོར་ལ་ཕེབས་གི་ཡོད་པ་རེད། ཁོང་གིས་རྒྱ་ནག་དང་འབྲེལ་བ་བརྟན་པོ་འཛུགས་དགོས་པའི་ཐད་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ། ཨེ་ཤ་ཡའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་རྒྱ་ནག་རྒྱལ་ཁབ་ལ་འབྲེལ་བ་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ལ།  དེ་ཡང་དཔལ་འབྱོར་དང་ཚོང་དོན་ཁོ་ན་མ་ཡིན་པར་གཞི་རྩའི་འབྲེལ་བ་བརྟན་པོ་ཡོང་བར་རྒྱ་ནག་མི་མང་གི་རང་དབང༌དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཡང་དོ་སྣང་གནང་དགོས་པ་གལ་ཆེན་རེད། ཅེས་གསུངས་ཡོད་འདུག 

ཐེབས་འདིའི་ཆིབས་བསྒྱུར་སྐབས། གསར་འགོད་པས་ཁོང་ལ་ཨ་རིའི་སྲིད་འཛིན་ལས་འཁྱུར་གནང་མཁན་བྷུ་ཤུ་མཆོག་གི་སྟེང་གཟིགས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། དྲང་བོར་ཞུས་ན་སྲིས་བྱུས་འགའ་རེའི་སྒང་ནས་ཆག་སྒོའི་རིགས་བྱུང་ཡོད་ཀྱང༌། མི་ཞིག་ཡིན་པའི་ངོས་ནས་ངོས་རང་བྷུ་ཤུ་ལ་དགའ་བོ་ཡོད། ཐོག་དང་བོའི་མཇལ་འཕྲད་སྐབས་ནས་ངེད་གཉིས་བློ་ཐག་ཉེ་བོར་གྱུར་སོང༌། ཅེས་ཚེས་ ༡ ཉིན་གསུངས་ཡོད་པ་རེད། 

༧གོང་ས་མཆོག་ཡུལ་འདིར་གཟིགས་སྐོར་གནང་བའི་རིང་ཁོང་གི་གྲོགས་པོ་རྙིང་བ་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་ཟུར་བ་སྐུ་ཞབས་ Vaclav Havel  མཆོག་དང་སྲིད་བློན་སྐུ་ཞབས་Mirek Topolanek རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་པ་དང༌།    སྐུ་ཞབས་ Vaclav Havel  ལགས་ནས། བོད་ཀྱི་གནད་དོན་ནི་དཀའ་སྡུག་དང་མཉམ་དུ་བཟོད་སྒོམ་གནང་དགོས་པའི་དུས་ཤིག་རེད་ལ། དེ་དང་མཉམ་དུ་དོགས་ཟོན་གནང་དགོས་པ་ཞིག་ཏུ་ཡང་གྱུར་ཡོད། ད་སྐབས་ཕྱིར་སློག་མི་ཐུབ་པའི་རྒྱ་ནག་གི་མི་འབོར་མང་པོ་བོད་དུ་གནས་སྤོར་བྱེད་གི་ཡོད་པ་རེད་ཅེས་གསུངས་ཡོད་འདུག   སྐུ་ཞབས་Mirek Topolanek ལགས་ནི་ལོ་རྗེས་མའི་སྤྱི་ཟླ་ ༡ ནང་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ལ་འདེམས་བསྐོ་གནང་རྒྱུ་ཡིན་པ་དང༌། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་ཆེད། པེ་ཅིན་ཨོ་ལིམ་པིག་གི་སྐབས་སུ་བོད་ཀྱི་རྒྱལ་དར་གྱིས་བཟོས་པའི་རྟགས་མ་ཞིག་གྱོན་གོས་སྟེང་བཏགས་པ་རེད།

ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་མཆོག་གཟའ་སྤེན་པའི་ཉིན་པོ་ལན་ཌིར་ ༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པར་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་ལ་སྲིད་འཛིན་སར་ཁོ་རྫེ་མཆོག་༧གོང་ས་མཆོག་དང་མཇལ་འཕྲད་གནང་འཆར་ལ་མུ་མཐུད་ནས་སྐྱོན་བརྗོད་བྱེད་གི་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།