སྒྲ་རིག་པ།

14/11/2009 09:54

                                          ༄༅། །སྒྲ་རིག་པ།  

སྒྲ་རིག་པ་དངོས་བཤད་པ། ས་བཅད་དང་པོ། མདོར་བསྟན་པ་། ཚིག་གི་འཁྲུལ་པ་སེལ་བྱེད་བརྡ་སྤྲོད་ནི། ། རང་བཞིན་

རྐྱེན་དང་རྣམ་འགྱུར་གསུམ་དུ་འདུ།    རྗོད་བྱེད་ཚིག་གི་འཁྲུལ་པ་ཚར་གཅོད་ཅིང་སེལ་བར་བྱེད་པ་བརྡ་སྤྲོད་པའི་

རིག་པ་ནི། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་དུ་འདུའོ། །

ས་བཅད་གཉིས་པ། རྒྱས་པར་བཤད་པ་། གཅིག རང་བཞིན། 1.བྱིངས་ཀྱི་རང་བཞིན།

རང་བཞིན་བྱིངས་ལ་དྲུག་སྟེ་བཀླགས་མ་བཀླགས། ། གཉིས་ལྡན་མིང་རྐྱེན་གཉིས་ཀའི་བྱིངས་རྣམས་ཏེ། ། བསྡུ་ན་ལས་

བཅས་ལས་མེད་གཉིས་སུ་འདུ།             རྐྱེན་སོགས་ཀྱིས་བསྒྲུབ་པར་བྱ་བའི་གཞི་ནི་རང་བཞིན་ཏེ། དེ་ལའང་དངོས་

དང་བཏགས་པ་བ་གཉིས་ལས་ཁམས་སམ་བྱིངས་ནི་སྒྲའི་བསྒྲུབ་གཞི་དངོས་ཡིན་ལ་དེ་ལའང་ནང་གསེས་སུ་དབྱེ་ན་

དྲུག་ཡོད་དེ། བྱིངས་མདོ་ལེའུ་དགུའི་ནང་དུ་བསྟན་པའི། བྷུ་ཡོད་པ་ལའོ། ཙི་ཏཱི་སེམས་པར་བྱེད་པ་ལའོ། ཞེས་སོགས་

ནི་ཡོངས་སུ་བཀླགས་པའི་བྱིངས། ཨ་དོ་ལ་ཡ་ཏི་ལ་སོགས་པ་མདོ་འགྲེལ་གང་དུའང་མེད་པ་འཇིག་རྟེན་གྱི་ཉེར་སྤྱོད་

ལ་གྲགས་པ་ནི་ཡོངས་སུ་མ་བཀླགས་པའི་བྱིངས། ཛུ་དང་སྐ་ལ་སོགས་པ་མདོ་དང་རྒྱ་འགྲེལ་གྱི་ཟུར་ནས་ཐོན་ཅིང་

བྱིངས་ཀྱི་ཚོགས་སུ་མ་བཀླགས་པ་ནི་མདོའི་བྱིངས་སམ་གཉིས་ཀ་ལྡན་པས་ཡོངས་སུ་བཀླགས་ཤིང་མ་བཀླགས་པའི་

བྱིངས།སན྄་ལ་སོགས་པ་ལས་ཡཀྲའི་རྐྱེན་སྦྱོར་བའི་ཡུལ་ཀཎྟྰུ་ལ་སོགས་པ་ཉི་ཤུ་པོ་རྣམས་ནི་མིང་ཡང་ཡིན་ཏེ་ཀཎྟྰུ་ལུས་

གཡའ་བའི་སྐད་དོད་ཡིན་ལ་བྱིངས་ཀྱང་ཡིན་ཏེ་སླར་ཡཀྲའི་རྐྱེན་འཇུག་པའི་ཕྱིར་མིང་གི་བྱིངས། བྱིངས་གང་ཡང་རུང་

བ་ལ་སན྄་ལ་སོགས་པའི་རྐྱེན་བཅུ་གཉིས་གང་རུང་སྦྱར་བས་དེའི་མཐའ་ཡང་བྱིངས་ཉིད་དུ་འགྱུར་བ་ནི་རྐྱེན་གྱི་བྱིངས། ཡོངས་སུ་བཀླགས་པའི་བྱིངས་ལས་མིང་དུ་བསྒྲུབ་པའི་ཕྱིར་རམ། མིང་རྣམས་ལས་ཀྱང་བྱིངས་ཉིད་དུ་བསྒྲུབ་པའི་ཀྭིཔ྄་ལ་

སོགས་པའི་རྐྱེན་ཕྱིས་པའི་མཐའ་རྣམས་མིང་དང་རྐྱེན་མཐའ་གཉིས་ཀའང་ཡིན་ལ།     སླར་ཀུན་བཤད་ཀྱི་སྒྲུབ་པའང་

འཇུག་པའི་ཕྱིར་དེ་ལ་ལྟོས་ནས་བྱིངས་སུའང་འགྱུར་བས་རྐྱེན་དང་མིང་གི་བྱིངས་རྣམས་ཏེ་དེ་ལྟར་དྲུག་གོ དེ་དག་ཀྱང་

བསྡུ་ན་ལས་བཅས་ལས་མེད་གཉིས་སུ་འདུ་སྟེ། དེའང་པུཉྫ་རཱ་ཛར། རྟོག་པ་ཤེས་པ་མཐོང་ཐོས་ཚེ། ། བཟའ་བ་དང་ནི་

འཁྲིག་པ་དང་། ། བྱེད་པ་འཚོང་བ་འཛིན་དང་རྐུ།  ། སྦྱིན་པ་མཆོད་པ་འདོད་དང་རེག  ། དུད་པ་བསྟོད་པ་ཆཊ་དང་

བཟོད། ། གསོ་བ་སེམས་པ་འགྲོ་འགོག་སོགས། ། སྨྲ་བ་གསོད་པ་ལ་སོགས་ལས། ། བརྗོད་པས་ལས་དང་བཅས་པར་ཤེས། ། ཞེས་གསུངས་པ་ལྟར་བྱིངས་གང་ཞིག་རྟོགས་པ་དང་ཤེས་པ་དང་མཐོང་བ་དང་ཐོས་པ་ལ་སོགས་པ་ལྟ་བུ་བྱ་བ་དང་

ལྡན་པ། བྱ་བ་དེའི་ཡུལ་ལ་རྣམ་དབྱེ་གཉིས་པ་ལས་ཀྱི་རྣམ་དབྱེ་འཇུག་དགོས་པའི་ཕྱིར་བྱེད་པ་དང་བཅས་པ་ནི་ལས་

བཅས་ཡིན་ལ། མཚོ་ལྡན་མའི་རབ་བྱེད་ལས། ངོ་ཚ་ཡོད་དང་གནས་མེལ་ཚེ། ། འཕེལ་ཟད་འཇིགས་དང་འཚོ་དང་འཆི།

 ཉལ་བ་རྩེད་མོ་འོད་གསལ་དོན། ། བྱིངས་ཚོགས་དེ་རྣམས་ལས་མེད་བཤད། ཅེས་པས། ཤཱིངྲ་ཉལ་བ་ལའོ། ཞེས་པ་ལྟ་བུའི་

བྱིངས་རྣམས་ནི་ལས་ཀྱི་རྣམ་དབྱེ་ལ་ལྟོས་མི་དགོས་པར་ངོ་བོ་ཉིད་ཀྱིས་བྱ་བ་འབྱུང་བར་གྲུབ་པས་ལས་མེད་པ་ཞེས་བྱའོ། འདིར་བརྡ་སྤྲོད་པ་མ་སྦྱངས་པ་ལ་དཔེར་མཚོན་ན། བྱིངས་ཞེས་བྱ་བ་ནི་བོད་ཀྱི་ཡི་གེ་ཀ་ལ་སོགས་པ་ལྟ་བུ་དེ་ཁོ་ནས་དོན་

མི་སྟོན་པ་ཡིན་ཏེ། བྷཱུ་ཡོད་པ་ལའོ། ཞེས་པས་ཡོད་པའི་ཁམས་ལས་གང་ཡང་མི་སྟོན། རྐྱེན་སྦྱར་བ་ནི་སྔོན་རྗེས་ཀྱི་འཇུག་

པ་སྦྱར་བ་ལྟ་བུ་སྟེ། ཀ་ལ་སྔོན་འཇུག་བ་དང་རྗེས་འཇུག་འ་སྦྱར་བས་བཀའ་ཞེས་གསུང་རབ་ལ་སོགས་པའི་དོན་སྟོན་པ་

སྟེ། བྷཱུ་ལ་རྐྱེན་ཨཙྲ་སྦྱར་བས་བྷ་བ་གྲུབ་པ་སྲིད་པ་ལ་འཇུག གྷཉྲ་སྦྱར་བས་བྷཱ་བ་གྲུབ་པ་དངོས་པོ་ལ་འཇུག་པ་སྟེ་བྱིངས་

ལས་མིང་དུ་གྲུབ་པ་ཡིན། རྣམ་འགྱུར་ནི་བོད་སྐད་ལ་ཡ་ར་ལ་འདོགས་གཟུགས་གཞན་དུ་འགྱུར་བ་ལྟར། འདིར་ཡང་

བྱིངས་བྷཱུ་ལ། སྦྱར་བས་གཟུགས་གཞན། བྷ་བ་ཞེས་པར་སོང་བ་སོགས་རིགས་ཤིན་ཏུ་མང་། རྣམ་དབྱེ་ལེགས་སྦྱར་ལ་ཏིངྲ་

དང་སུཔ྄་རིགས་གཉིས་ཡོད་ཅིང་བོད་སྐད་ལ་གཅིག་ལས་མེད་པ་དེའི་ཚུལ་ནི་གོང་སྨོས་ལྟར་རོ།

2.མིང་གི་རང་བཞིན།   

མིང་གི་རང་བཞིན་རྟགས་གསུམ་དག་པ་འདྲེས། ། གཏིབས་དང་ཉེར་སྒྲུབ་ཀུན་འཇུག་མི་གསལ་དྲུག     སུཔ྄འི་རྣམ་

དབྱེ་སྦྱོར་ཡུལ་ལ་ལྟོས་ནས་རང་བཞིན་བཏགས་པ་བར་བཞག་པ་མིང་གི་རང་བཞིན་ནི། སྤྱིར་སྐྱེས་པ་བུད་མེད་མ་ནིང་

སྟེ་རྟགས་གསུམ་གང་རུང་གི་མཐའ་རུ་གནས་ཤིང་།  དེའི་ནང་གསེས་དབྱེ་བས་རྟགས་དྲུག་ཏུའང་འགྱུར་ཏེ། དེ་ལ་

པྲྀཀྵཿ ཤིང་ལྟ་བུ་སྐྱེས་པ། ཁ་ཌྡྰ། མལ་ཁྲི་ལྟ་བུ་བུད་མེད། ཀུཎྜཾ་མེ་ཐབ་ལྟ་བུ་མ་སྟེ་རང་གི་རྟགས་མཐའ་དེ་ལ་རྟགས་གཞན་

གྱི་བྱ་བ་མི་འཇུག་པ་ནི་དག་པའི་རྟགས། པུ་རུ་ཥྲཿསྐྱེས་བུ། པུ་རུ་ཥཱི། སྐྱེས་བུ་མོ། ལྟ་བུ་ཕོ་མོ་བརྗོད་པའི་སྒྲ་རྣམས་སྐྱེས་པ་

དང་བུད་མེད་གཉིས་ཀྱི་རྟགས་ཀྱི་ཆོ་ག་འཇུག་པ། གྷྲྀ་ཏཿགྷྲྀ་ཏཾ། མར་ལྟ་བུ་སྐྱེས་པ་དང་མ་ནིང་གཉིས་ཀྱི་ཆོ་ག་འཇུག་

པ་སྟེ། རྟགས་གཉིས་ཀྱི་ཆོ་ག་འདྲེས་པ་རྣམས་ནི་འདྲེས་པའི་རྟགས། པཱ་ཏྲཿཔ་ཏྲཱི། པ་ཏྲཾ། ལྷུང་བཟེད་ལྟ་བུ་སྒྲ་གཅིག་ལ་

རྟགས་གསུམ་ཀ་སྦྱར་དུ་ཡོད་པ་ནི་གཏིབས་པའི་རྟགས། རྟགས་དེ་ཉིད་ཁ་དོག་དང་ཡོན་ཏན་ལ་སོགས་པ་ཁྱད་གཞི་

ལས་ཁྱད་ཆོས་འབྱེད་པར་བྱེད་པ། ཤུཀླཿ ཤུཀླྰ། ཤུཀླཾ། དཀར་པོ། པ་ཊུཿ པ་ཊཱིཿ པ་ཊུ། མཁས་པ་ལྟ་བུ་ནི་ཉེ་བར་སྒྲུབ་པའི་

རྟགས། འདོད་འཇོ་ལས། གྲོང་དང་བློན་པོ་སོགས་དང་རྟགས། རང་བཞིན་བྷ་ག་པྲ་ཀྲྀ་ཏིཿ། སྙིང་སྟོབས་རྡུལ་དང་མུན་

པ་རྣམས། མཉམ་པའི་གནས་སྐབས་ལ་ཡང་བལྟ། ཞེས་བྱཱ་ཌིས་སོ། འཁོར་བའི་ལམ་དང་དགའ་བ་ཡི། བུ་ག་པྲ་ཀྲྀ་ཏིཿནི་

མོ། ཞེས་སྐབས་གསུམ་གྱི་ལྷག་མ་ལས་ཀྱང་རྣམ་གྲངས་སུའོ། ཞེས་པྲ་ཀྲྀ་ཏི་གཅིག་པུའི་སྒྲ་དོན་མང་པོ་དེ་དག་ལ་འཇུག་

པས། སྡེབ་སྦྱོར་ལ་སྒྲ་དེ་གང་འཇུག་རྟགས་ཀྱི་ངེས་པ་ལ་ལྟོས་དགོས་དེ། པྲ་ཀྲྀ་ཏིཿཞེས་པའི་རྟགས་སུ་བསྒྲུབས་ན་རང་

བཞིན་དང་། གྲོང་པ་སྟེ་ཆང་འཚོང་རྫ་མཁན་སོགས་ལ་འཇུག་པ་དང་། པྲ་ཀྲྀ་ཏཱི། བུད་མེད་ཀྱི་རྟགས་སུ་བསྒྲུབས་ན་སྐྱེ་

གནས་སོགས་ལ་འཇུག་པར་ཤེས་དགོས་པ་ནི་ཀུན་ཏུ་འཇུག་པའི་རྟགས། ཨུཙྪཻཿ མཐོན་པོ་ལྟ་བུ་མི་ཟད་པའི་སྡེ་ཚན་ལས་

བྱུང་བའི་སྒྲའི་གཟུགས་མང་པོ་ལ་རྣམ་དབྱེ་ཐམས་ཅད་འཇིག་པར་འགྱུར་བས་གཟུགས་ཀྱི་དབྱེ་བ་མེད་པ་ལ་སོགས་

པ་མི་གསལ་བའི་རྟགས་ཞེས་བྱ་སྟེ་དེ་ལྟར་ན་མིང་གི་རང་བཞིན་དྲུག་གོ ། 

གཉིས། རྐྱེན།  རྐྱེན་ནི་བྱིངས་ཉིད་བྱིངས་སྒྲུབ་སན྄་ལ་སོགས། ། བྱིངས་ལས་ཚིག་སྒྲུབ་ཏིངྰུའི་རྣམ་དབྱེ་སྟེ། ། བྱིངས་ལས་

མིང་སྒྲུབ་ཀྲྀཏྲ་རྣམས་བྱིངས་དང་འབྲེལ། ། མིང་ལ་ཀྱ་ཙྲ་སོགས་སྦྱར་མིང་ཉིད་བྱིངས། ། བུད་མེད་རྐྱེན་སྦྱར་རྟགས་ཉིད་

རྟགས་སུ་སྒྲུབ། ། དེ་ཕན་སྦྱར་བས་མིང་ཉིད་མིང་སོགས་ཏེ། ། སུཔ྄་སྦྱར་མིང་ལས་ཚིག་ཏུ་སྒྲུབ་པར་བྱེད། །  བྱིངས་ལས་

དོན་སྟོན་བྱེད་ཀྱི་སྒྲར་སྒྲུབ་པར་བྱེད་པ་རྐྱེན་ལ་ཤིན་ཏུ་མང་ཡང་བསྡུ་ན་རྣམ་པ་བདུན་དུ་འདུས་པ་ཡིན་ཏེ། བྱིངས་

ཉིད་སླར་ཡང་བྱིངས་སུ་སྒྲུབ་ཅིང་དེའི་མཐར་རྐྱེན་གཞན་འཇུག་པ་སན྄་ལ་སོགས་པའི་རྐྱེན་རྣམས་དང་། བྱིངས་ལས་

ཚིག་ཏུ་སྒྲུབ་པར་བྱེད་པ་ལ་ཡིག་དབྱངས་མེད་སྒྱུར་བའི་ཏིངྲའི་རྣམ་དབྱེ་བཅོ་བ་དེ་ཀ་ལཱ་པར་ཀུན་བཤད་ཏི་སོགས་

ཀྱི་རྣམ་དབྱེ་བརྒྱ་དང་བརྒྱད་གྲགས་པ་བྱེད་དངོས་ལས་གསུམ་སྟོན་པར་བྱེད་པ་རྣམས་དང་། བྱིངས་ལས་མིང་དུ་སྒྲུབ་

པར་བྱེད་པ་ཀྲིཏྲ་ཀྱི་རྐྱེན་ཙཱནྡྲ་པར་སྐབས་དང་པོའི་རྐང་པ་ཕྱེད་གསུམ་དང་། ཀ་ལཱ་པར་ལེའུ་ལྔས་རྒྱས་པར་བཤད་པ་

རྣམས་ནི་བྱིངས་ཁོ་ན་དང་འབྲེལ་བ་ཡིན་ལ། མིང་གི་མཐར་ཀྱཙྲ་དང་། སོགས་ཁོངས་ནས་ཀཱམྱཙྲ་དང་། ཎིཙྲ་ལ་སོགས་

པ་རྣམས་ནི་མིང་ཉིད་བྱིངས་སུ་སྒྲུབ་པར་བྱེད་པའི་རྐྱེན་དང་། མིང་གི་མཐར་དཱིཥྲ་ཌཱཔ྄་ཙཱཔ྄་སོགས་བུད་མེད་ཀྱི་རྐྱེན་

སྦྱར་བ་ནི་རྟགས་ཉིད་རྟགས་སུ་སྒྲུབ་པའི་རྐྱེན་དང་། ཅཱནྡྲ་པར་སྐབས་དགུ་ཙམ་གྱིས་ཤིན་ཏུ་རྒྱས་པར་བསྟན་པ་གཙོ་བོ་

མིང་དང་འགའ་ཞིག་ཚིག་མཐར་ཡང་སྦྱོར་བས་སྦྱོར་ཡུལ་གྱི་ངག་དེ་ལ་ཕན་འདོགས་པར་བྱེད་པ་དེ་ཕན་དུ་གྲགས་པ་

སྟེ་མིང་ཉིད་དུ་སྒྲུབ་པ་དང་། སོགས་ཁོངས་ནས་ཚིག་ཏུ་སྒྲུབ་པའི་རྣམ་དབྱེ་དངོས་མིན་ཀྱང་དེ་དང་ཆ་འདྲ་བ་བྱེད་

པའང་ཁ་ཅིག་ཡོད་པ་དང་། རྟགས་གསུམ་མཐར་སུཔ྄འི་རྣམ་དབྱེ་བདུན་གསུམ་ཉེར་གཅིག་སྦྱར་བས་བྱེད་ཅན་དྲུག་

དང་འབྲེལ་བ་ལ་སོགས་པའི་དོན་སྟོན་པར་བྱེད་པ་མིང་ལས་ཚིག་ཏུ་སྒྲུབ་པར་བྱེད་པ་རྣམས་སོ།            རིགས་དང་

ཡོན་ཏན་བྱ་བ་ངོ་བོའི་སྒྲ། ། བཞི་མ་ཡང་ན་བྱེད་དངོས་ལས་སུ་འདུ། བྱིངས་ལས་རྐྱེན་གྱིས་སྒྲུབ་པའི་སྒྲ་དུ་མར་བཤད་

པ་དེ་རྣམས་ཀྱང་མདོར་བསྡུ་ན། པུ་རུ་ཥྲཿ སྐྱེས་བུ། གཽཿ བ་ལང་། ཨ་ཤྭཿ རྟ་ལ་སོགས་པ་རིགས་བརྗོད་པའི་སྒྲ་དང་། ནཱི་ལཿ སྔོན་

པོ། ཤུཀླཿ དཀར་པོ་སོགས་ཡོན་ཏན་བརྗོད་པའི་སྒྲ། བ་ཙ་ཏི། འཚེད་བར་བྱེད། པ་ཋ་ཏི། ཀློག་པར་བྱེད། ལྟ་བུ་བྱ་བ་བརྗོད་

པའི་སྒྲ་དང་། དེ་དག་ལས་གཞན་པ་ངོ་བོའི་དོན་ཙམ་ལས་ཁྱད་པར་གྱི་བྱ་བ་མེད་པ་རྣམས་ནི་ཇི་ལྟ་བའི་སྒྲ་སྟེ་རྣམ་པ་

བཞིར་བསྡུ་བ་མི་ཤྲའི་རིགས་ཀྱི་སློབ་དཔོན་མཆོག་སྲེད་ཀྱིས་བཤད་པ་དང་། ཡང་ན་བྱེད་པ་དང་། དངོས་པོ་དང་། ལས་

སྟོན་པའི་སྒྲར་ཐམས་ཅད་འདུའོ། །  

གསུམ། རྣམ་འགྱུར།   1.རྣམ་འགྱུར་དངོས།            རྣམ་འགྱུར་དངོས་དང་བསྡུ་བ་གཉིས་ཡིན་ཏེ། ། བསྒྱུར་རམ་

དབྱེ་བ་རྣམ་འགྱུར་ངོ་བོ་ལ། ། བྱིངས་རྐྱེན་རྟགས་དང་གློ་བུར་མི་ཟད་ཚིག ། བརྗོད་དང་ཁྱད་དོན་རྗེས་སུ་འབྲེལ་རྣམས་

དབྱེ། བྱིངས་དང་རྐྱེན་རྣམས་ཕྲད་པ་ལ་སོགས་ལས་གཟུགས་གཞན་དུ་གྲུབ་པ་རྣམས་འགྱུར་ཅེས་བྱ་སྟེ། དེ་ལ་རྣམ་འགྱུར་

དངོས་དང་། དེའི་ཆར་གཏོགས་པ་བསྡུ་བ་དང་གཉིས་སོ། དང་པོ་ནི། བྱིངས་ཀྱི་དང་པོ་ཥྲའིསྲ། ཎྲའི་ན྄་རུ་བསྒྱུར་བ་དང་། རྗེས་འབྲེལ་དབྱི་བ་རྣམས་ནི་རྣམ་འགྱུར་ཅེས་བྱ་བའི་ངོ་བོ་ཡིན་ལ། དབྱི་བ་ནི་བྱིངས་ཀྱི་རྗེས་སུ་འབྲེལ་བ་ཨ་ལ་སོགས་པའི་

དབྱངས་དང་། ཊུ་ཊུ་སོགས་གསལ་བྱེད་ཨི་རྲ་སོགས་གཉིས་ཀ་རྣམས་དང་། རྐྱེན་གྱི་རྗེས་སུ་འབྲེལ་བ་སཎྲ་གྱིན྄། གྷཉྲའི་ཉྲ་

ལྟ་བུ་གསལ་བྱེད་དང་། ལཊ྄འི་ཊ྄་དང་ཨ། ང་སིའི་ངྲ་དང་ཨི་ལྟ་བུ་དབྱངས་གསལ་གཉིས་ཀ་དང་། རིང་ཐུང་གི་རྟགས་ཀྱི་

རྗེས་འབྲེལ་ཏྲ་ཡིག་དང་། གློ་བུར་བའི་རྐྱེན་ཨཱ་ག་མ་རྣམས་ཀྱི་རྗེས་འབྲེལ་ནུ་མ྄འི་མ྄་ལྟ་བུ་དང་། གཞན་ཡང་མི་ཟད་པའི་

སྡེ་ཚན་དང་ཚིག་མཐའི་རྗེས་འབྲེལ་ཁ་ཅིག་སྟེ། དེ་དག་རྣམས་ལས་ཨ་ནི་སྒྲ་དེ་ཉིད་རྗོད་པར་བྱེད་པའི་དོན་ཡིན་ཏེ། དེའང་སྒྲའི་བྱ་བ་དངོས་ལ་གསལ་བྱེད་ཀ་ལྟ་བུ་ཞིག་ལས་མི་མཁོ་ཡང་དབྱངས་མེད་བརྗོད་དུ་མེད། ཀྲ་ལ་ཨ་ཞུགས་པ་

དེ་རྐྱེན་གཞན་དང་སྦྲེལ་བའི་ཚེ་དབྱི་བ་ལྟ་བུ་དང་། འགའ་ཞིག་ཁྱད་པར་གྱི་དོན་ཡིན་ཏེ་ཁྱད་ཆོས་ཀྱི་བྱ་བ་བྱུང་ཟིན་

ནས་མཚོན་བྱེད་ཉིད་དབྱི་བ་དང་། འགའ་ཞིག་རྗེས་སུ་འབྲེལ་བ་ཙམ་སྟེ་ངོ་བོའམ་རང་བཞིན་གྱི་དོན་མཚོན་པས་བྱ་བ་

བྱུང་ནས་དེ་རྣམས་དབྱི་བར་བྱའོ།          དོན་དང་རྣམ་པ་ཉེ་སྒྱུར་ཨཱ་ག་མ། ། ཡན་ལག་རྣམ་འགྱུར་ཡིན་ནོ་ཕྲད་པ་ལ། ། 

ཡི་གེ་རྐྱེན་དང་རྣམ་པར་དབྱེ་བ་གསུམ། ། མཚམས་སྦྱོར་བསྒྱུར་སོགས་སུས་འགྱུར་མཐའ་ཡས་སོ། དོན་དང་རྣམ་པ་གཉིས་ཀ་གཞན་དུ་སྒྱུར་བར་བྱེད་པ་ཉེ་བསྒྱུར་ཉི་ཤུ་པོ་རྣམས་ཏེ། ཐོབ་པའི་དོན་ཅན་གྱི། ནི་བོ་སྔོན་དུ་

ཉེ་བསྒྱུར་པྲ་བཞག་པས། པྲ་ཎཱི། འདྲེན་པའམ་གཙོ་བོ་ལ་འཇུག་པ་དང་། མཱ་ན་ཞེས་པའི་ཁམས་གཅིག་ལ། ཉེ་བསྒྱུར་པྲ་

དང་ཕྲད་ན་པྲ་མཱ་ཎ། ཚད་མ། ཨ་ནུ་དང་ཕྲད་ན་ཨ་ནུ་མཱ་ན། རྗེས་དཔག དེ་བཞིན་དུ། ཨུ་པ་མཱ། དཔེ། པྲ་ཏི་མཱ། གཟུགས་

བརྙན། ཨ་བྷིམཱ། མངོན་པའི་ང་རྒྱལ་དུ་འགྱུར་བ་སོགས་ཤིན་ཏུ་མང་པོ་རྣམས་དང་། ཨཱ་ག་མའི་རྐྱེན་ནི་ཐོག་མཐའ་བར་

གསུམ་དུ་མ་ངེས་པར་གློ་བུར་དུ་འབྱུང་བ་སྟེ། ཨ་ཡ་དང་། ཀཱ་རའི་བར་དུ་སཀྲ་ཨཱ་ག་མ་བྱིན་པས། ཨ་ཡ་དང་ར་ལྕགས་

ལ་འཇུག་པ་ལྟ་བུ་རྣམས་ནི་ཡན་ལག་གི་རྣམ་འགྱུར་ཡིན་ནོ། ཕྲད་པའི་རྣམ་འགྱུར་ལ། བྱིངས་དང་རྐྱེན་ཕྲད་པས། སྠཱའི་

ཏིཥྛ། དྲྀ་ཤྱའི་པ་ཤྱ་སོགས་ཡི་གེ་གཟུགས་གཞན་དུ་བསྒྱུར་བ་དང་། ཡོན་ཏན་དང་འཕེལ་བ་སོགས་ཡན་ལག་ཙམ་བསྒྱུར་

བ་དང་། ཀྲྀཏྲ་རྐྱེན་ཡུ་ཨ་ན། བུ་ཨ་ཀ་རུ་བསྒྱུར་བ་སོགས་དང་།   དོ་ཕན་གྱི་རྐྱོན་ཚཱ་ཡ་རུ་བསྒྱུར་བ་ལྟ་བུ་དང་། རྣམ་པར་

དབྱེ་བ་ཀུན་བཤད་ཏིངྲ་སོགས་བཅོ་བརྒྱད་ལ་དབྱངས་མེད་བསྒྱུར་བ་ལས་བྱུང་བ་སོགས་དང་། སུ་སོགས་ཀྱིཊཱ་ཨི་ན། ངེ་

ཡ་རུ་བསྒྱུར་བ་ལ་སོགས་པ་སྟེ། མདོར་ན་ཡི་གེ རྐྱེན། རྣམ་དབྱེ་བསྒྱུར་བ་གསུམ། ཨ་དང་ཨ་འདུས་པས་ཨཱ་རིང་པོ་གཅིག་

ཏུ་གྱུར་པ་དང་། ཨ་ཨི་འདུས་པས་ཨེ། ཨ་ཨུ་འདུས་པས་ཨོ་རུ་གྱུར་པ་ལྟ་བུ་དབྱངས་གསལ་ཕྲད་པའི་མཚམས་སྦྱོར་གྱིས་

གཟུགས་གཞན་དུ་བསྒྱུར་བ་སོགས་སྒྲའི་རྣམ་འགྱུར་མཐའ་ཡས་སོ།  

2.ཚིག་སྡུད་ལ་བརྟེན་པ། ཁྱད་པར་གྲངས་སྔོན་གྲངས་མེད་དང་པོ་སོགས། ། གཞན་དོན་དང་གི་དོན་གྱི་ཚིག་སྡུད་

དྲུག རྣམ་འགྱུར་གཉིས་པ་ཚིག་སྡུད་ལ་བརྟེན་པ་ནི། མིང་ངམ་རྟགས་ལ་སུ་སོགས་ཀྱི་རྣམ་དབྱེ་བྱིན་ནས་ཚིག་ཏུ་གྲུབ་

པའི་མིང་གཉིས་སམ་མང་པོ་ཕྱོགས་སུ་སྡུད་པ་ནི་ཚིག་སྡུད་དེ། དེ་ལའང་དབྱེ་བ་རྣམ་པ་དྲུག་སྟེ་ཀརྨ་ངྷཱ་ར། ལས་འཛིན་

པ་སྟེ་ལས་ནི་འཛིན་པར་བྱ་བའི་ཁྱད་པར་ཡིན་པས་ཁྱད་པར་ཅན་གྱི་བསྡུ་བ་དང་། དྭི་གུ། བ་གཉིས་པ། ཞེས་གྲངས་

གཉིས་ཀྱི་སྐད་དོད་དྭི་སྔོན་ཆུ་ཡོད་པ་ལྟ་བུ་གྲངས་སྔོན་མ་ཅན་གྱི་བསྡུ་བ་དང་། ཨུ་པ་ཀུམྦྷ། ཉེ་བའི་བུམ་པ་ལྟ་བུ་མི་ཟད

་པ་བརྗོད་བྱའི་གཙོ་བོར་གྱུར་པ་མི་ཟད་པའི་བསྡུ་བ་དང་། ཏཏྤུ་རུཥྲ། དེའི་སྐྱེས་བུ་སྟེ་འདིར་ཏཏྲ་དང་པུ་རུ་ཥྲའི་བར་

ནས་རྣམ་དབྱེ་དྲུག་པ་བསྡུས་པས་མཚོན་རྣམ་དབྱེ་བདུན་གསུམ་ཉེར་གཅིག་རང་རང་གི་དོན་ལ་སྦྱར་བ་བསྡུས་པ་དང་

པོ་ལ་སོགས་པའི་བསྡུ་བ། བ་ཧ་བྲཱི་ཧིཿ འབྲུ་མང་པོ་པ། ཞེས་པ་འབྲུ་མང་བ་ཙམ་མ་ཡིན་པ། དེའི་ཡུལ་ལམ་བདག་པོ་ལྟ་

བུའི་དངོས་པོ་གཞན་གྱི་དོན་སྟོན་པ་གཞན་དོན་གྱི་བསྡུ་བ། དྭནྡྲཿ གཉིས་དང་གཉིས།

ཞེས་པ་ལྟ་བུ་དང་གི་དོན་ལ་འཇུག་པའི་ཙའི་སྒྲ་བསྡུས་པ་དང་གི་དོན་གྱི་ཚིག་སྡུད་དེ་ཐམས་ཅད་ཀྱང་དོན་མང་པོ་

རྣམས་དོན་གཅིག་ཏུ་སྦྱོར་བ་དང་། བརྗོད་པ་དུ་མ་དང་རྣམ་དབྱེ་མང་པོ་རྣམས་གཅིག་ཏུ་སྦྱོར་བ་དང་། བརྗོད་མི་བདེ་

བ་དང་ཚིག་ཉུང་བརྗོད་བདེར་སྦྱོར་བ་ནི་བསྡུ་བའི་དགོས་པ་སྟེ། སྤྱིར་དྲུག་ནང་གསེས་སུ་ཉེར་བརྒྱད་ཙམ་དུ་འགྱུར་བར་

བཤད་དོ།

ས་བཅད་གསུམ་པ། དོན་བསྡུ་བ་། ངོ་བོ་མིང་ཚིག་རྣམ་འགྱུར་གསུམ་དུ་འདུ། ། སྒྲ་ཤེས་དོན་གྱི་ཆ་ལ་རྨོངས་མི་

འགྱུར།   དེ་དག་ཐམས་ཅད་སྒྲའི་ངོ་བོ་བསྡུ་ན་མིང་དང་། ཚིག་དང་། རྣམ་འགྱུར་གསུམ་དུ་འདུ་བ་ཡིན་ནོ། དེ་ལྟར་

ལེགས་པར་སྦྱར་བ་སྒྲའི་སྦྱོར་བ་ཚུལ་བཞིན་དུ་ཤེས་ན་ཚིག་ལ་ལྟ་ཅི་སྨོས་ཏེ། དོན་གྱི་ཆ་ལའང་རྨོངས་པར་མི་འགྱུར་

བས་ཚིག་དོན་གཉིས་ཀ་བདེ་བླག་ཏུ་རྟོགས་པའི་བློ་གྲོས་སྐྱེ་བར་འགྱུར་རོ། །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།