སྐད་ཡིག་སྐོར་

13/07/2009 10:23

བཞི་པ། བོད་ཀྱི་སྐད་ཡིག་སྐོར་གླེང་བ།

སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ལ། སྐད་ཡིག་ནི་མི་རིགས་ཀྱི་ཟུངས་ཁྲག་དང་ལྷན་དུ་འཁོལ་པའི་ཚོར་འདུ་

ཞིག་ཀྱང་རེད། གལ་ཏེ་སྐད་ཡིག་བོར་བའི་མི་རིགས་དེ་ནི་བདེན་རྩོད་ཀྱི་རྨང་གཞི་བྲལ་ལ། སྐད་ཡིག་བོར་བའི་མི་

རིགས་དེ་ནི་སྲོག་དབང་བྲལ་བའི་བེམ་གཟུགས་ཤིག་ལའང་མཚུངས་སོང༌།འཛམ་གླིང་དུ་སྒྲ་ལ་མཁས་པ་མང་པོས་

འགྲོ་བ་མིའི་སྐད་ཀྱིས་བརྡ་སྤྲོད་སྟངས་འདི་དག་ཐོག་མ་ཇི་ལྟར་མགོ་ཚུགས་མིན་སུས་ཀྱང་མི་ཤེས་ཟེར། མི་ནི་འགྲོ་

བ་གཞན་དང་མི་འདྲ་བར་བསམ་བློ་དང་དབང་ཤེས་ཀྱི་གསལ་ཆ་ཁྱད་འཕགས་ཀྱི་རྣམ་དཔྱོད་གསར་དུ་བྱུང་ནས་

སྒྲ་འདྲ་མིན་ལ་བརྟེན་ཏེ་བརྡ་སྤྲོད་ཐུབ་པའི་ནུས་པ་བྱུང༌། དེ་རྗེས་བརྡ་འཕྲོད་པའི་ནུས་པ་མྱུར་ཚད་ཀྱང་ཧ་ཅང་

གིས་ཆེ་རུ་སོང༌། མཁས་པ་མང་པོས་སྐད་བརྡ་ནི་ཡི་གེ་འབྲི་སྲོལ་མ་བྱུང་བའི་ལོ་དུ་མའི་སྔོན་ནས་ཡོད་ཅིང༌། ཡི་

གེ་འབྲི་སྲོལ་གྱི་ཐོག་མར་སྲོག་ཆགས་ཀྱི་གཟུགས་བརྙན་དང༌།    ཅ་དངོས་འདྲ་རིས་སོགས་ཀྱིས་བརྡ་སྤྲོད་པའི་

ལུགས་སྲོལ་རྙིང་ཤོས་ལོ་དྲུག་སྟོང་བར་སོང་ཞིང་རིམ་པས་རི་མོ་དེ་དག་ཡིག་གཟུགས་སུ་གྱུར་ཚུལ་བཤད།

 བོད་སྐད་ནི་འཛམ་གླིང་སྤྱི་མཚུངས་ལྟར་ལོ་གྲངས་ས་ཡ་རིམ་པའི་གོང་ནས་ཡོད་པར་ངེས་ཤིང༌། ལ་དྭགས་དང་

ཞང་ཞུང་ཕྱོགས་ཀྱི་བྲག་བསྐོས་རི་མོ་དང༌།  ཡིག་གཟུགས་ཡིན་པ་ལྟ་བུའི་དེ་ཙམ་མི་གསལ་བའི་རི་མོ་མང་དག་

ཡོད་པར་གསལ་བ་དེ་དག་གིས་དངོས་པོ་གཞན་ཞིག་མཚོན་པར་བྱེད་པའམ་དོན་གཞན་ཞིག་བརྡ་སྤྲོད་ཀྱི་ཡོད་

པ་ཤེས་ཐུབ། དེ་དག་གི་ལོ་རྒྱུས་ལོ་བཞི་ཁྲིའི་གོང་དུ་འགྲོ་ཐུབ་ཀྱི་ཡོད་ཅེས་ལོ་རྒྱུས་མཁས་དབང་རྣམ་པས་གསུངས། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་འདི་རྒྱ་གར་ལེགས་སྦྱར་གྱི་ཀ་ཁའི་གོ་རིམ་དང་ཆེས་མཚུངས་པས། ཐོན་མིས་ལེགས་སྦྱར་ལ་དཔེ་བལྟས་ནས་བོད་ཡིག་དབྱངས་གསལ་སོ་བཞི་བཟོས་ཟེར་བ་བདེན་ལ། སྲོང་བཙན་

གྱིས་བོད་ཡོངས་ལ་དར་སྤེལ་མཛད།    ལ་ལས་བོད་ལ་དུས་རབས་གོང་མ་ནས་ཡི་གེ་ཡོད་པར་འདོད་ཀྱང་མི་

འགལ་ཏེ། ཐོན་མིས་མཛད་པའི་ཡི་གེ་འདི་ལས་གཞན་པའི་ཞང་ཞུང་གི་ཡི་གེ་སོགས་ཡོད་ཆོག

ད་ལྟའི་བོད་ཀྱི་སྐད་ཡིག་ནི་ཆོལ་ཁ་གསུམ་ཙམ་མ་ཚད་ལྷོ་འབྲུག་འབྲས་ལྗོངས་ལ་དྭགས་སོགས་ཧི་མ་ལ་ཡི་བོད་

རིགས་ཡོད་ཚད་དང༌། འཇང་ཉ་དཀར་ནག འབར་མ་སྟོད་སོགས་རྩ་བའི་བོད་སྐད་གཅིག་གྱུར་ཡིན་ཞིང༌།  མི་

རིགས་དང་རྒྱལ་ཁབ་ཐ་དད་སོག་ཡུལ་དུ་སོག་པོས་ནང་ཆོས་མཚན་ཉིད་རིགས་པ་སོགས་ནང་ཆོས་ཀྱི་བྱེད་སྒོ་

ཁག་བོད་ཀྱི་སྐད་ཡིག་ཐོག་བྱེད་སྲོལ་ཡོད།    སྒྲའི་བརྟག་དཔྱད་མཁས་པ་རྣམས་ཀྱིས་བོད་སྐད་དང་འབར་

མའི་སྐད་འབྲེལ་བ་ཡོད་ཚུལ་ཟེར་བས། འབར་མ་ནི་བོད་ཀྱི་རིགས་ལས་མཆེད་པ་ཁོ་རང་ཚོའི་རྒྱལ་རབས་ནང་

ཡོད་པ་མ་ཚད། ལོ་བརྒྱ་ཕྲག་དྲུག་པ་ནས་འབར་མའི་སྟོད་རྣམས་བོད་ཀྱི་མངའ་འོག་ཏུ་ལོ་མང་བསྡད་པས་གང་

ཅིའི་སྐད་ལ་འབྲེལ་བ་ཡོད་པ་དང༌།  དེ་བཞིན་པཱ་ལི་སི་ཐཱན་གྱི་ཡུལ་སྐད་ལའང་བོད་སྐད་འབྲེལ་ཡོད་པས་བརྒྱ་

ཕྲག་དྲུག་པ་དང་བདུན་པའི་ནང་བོད་ཀྱི་མངའ་འོག་ཡོད་ལ། དེར་བོད་དམག་ལོ་མང་ས་སྲུང་བསྡད་པ་སོགས་

ཀྱིས་འབྲེལ་བ་ཡོད་ཅེས་གསུངས།

བོད་ཡོངས་རྫོགས་རྩ་བའི་སྐད་ཡིག་གཅིག་གྱུར་ཡིན་ནའང་ནང་གསེས་མདོ་དབུས་ཁམས་གསུམ་གྱི་སྐད་ལ་ཁྱད་

པར་ཡོད་ཅིང༌། དེ་དག་ཀྱང་ལུང་ཚན་ཆུང་ཆུང་ནང་གི་སྐད་ལའང་ཁྱད་པར་ཕྲན་བུ་རེ་ཡོད། དཔེར་ན། ལྷ་སའི་

ཉེ་སྐོར་སྟོད་ལུང་དང༌། མལ་གྲོ། ཕན་པོ་སོགས་དང༌། རྐང་ཐང་སྐར་མ་བཅུ་གྲངས་ནང་སླེབས་ཐུབ་པའི་གྲོང་མིའི་

སྐད་ལའང་ནང་གསེས་མི་འདྲ་བས་ལུང་པ་གང་ཡིན་སྐད་ཀྱིས་ཤེས་ཟེར། གཞན་ཡང་མི་ཉག་དང་རྟའུ། རྒྱལ་མོ་

རོང་དང་བྲག་གཡབ། སྨར་ཁམས་སོགས་ཀྱི་ལོག་སྐད་ཀྱང་སྐད་གཞན་དུ་མི་གཏོགས་པས་བོད་སྐད་དུ་འདོད་

ལོས་དགོས། སྐད་ཡིག་གི་འགྱུར་འགྲོས་ཧ་ཅང་དལ་མོ་ཡིན་ལུགས་བཤད་ཡོད་པ་ལྟར་ཐད་ཀར་སྐད་ཀྱི་འཕོ་

འགྱུར་ཇི་ལྟར་འགྲོ་མིན་མངོན་ཚན་ཆུང་ཡང༌། དུས་ཡུན་རིང་པོ་ནས་བལྟས་ན་འགྱུར་བ་ཆེན་པོ་སོང་བར་ཤེས་

ཏེ། བཙན་པོའི་དུས་ཀྱི་ཡི་གེ་མང་དག་ད་ལྟར་དོན་གོ་དཀའ་བའི་བརྡ་རྙིང་གི་རིགས་སུ་གྱུར་ཟིན་པ་དེས་མཚོན་

ནུས། བཙན་པོས་བཀས་བཅད་རིམ་པ་གསུམ་གྱིས་སྒྲ་སྦྱོར་བམ་གཉིས་དང༌། ཆོས་སྐད་དང་གཞུང་ལུགས་ཚད་ལྡན་

གྱི་ཚིག་མཛོད་གཏན་འབེབས་གནང་བ། ས་པཎ་གྱིས་མཛད་པར་གྲགས་པའི་སུམ་རྟགས་རྩ་འགྲེལ་བྱུང་ནས་ད་

བར་བོད་ཀྱི་སྐད་ཡིག་སྔོན་མ་ལས་ལྡབ་འགྱུར་སྲ་བརྟན་བབ་རླིང་ལྡན་པ་ཞིག་ཏུ་གྱུར་ཡོད། རང་གི་སྐད་ཡིག་དར་

རྒྱས་དགོས་ན་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་སོགས་ཆབ་སྲིད་ཡར་རྒྱས་གཏོང་དགོས་ཤིང༌། གལ་ཏེ་དེ་དག་

འཕེལ་རྒྱས་གཏོང་མ་ཐུབ་ན་ཁ་ན་ན་དང༌། ལྕེ་ཚ་ཚ་བཤད་ཀྱང་མི་ཕན་ཏེ་སྐད་ཡིག་རང་བཞིན་གྱིས་ཉམས་ཆག་

འགྲོ་ངེས་རེད། ཡང༌། སུས་ཀྱང་རང་གི་ལུང་ཚན་གྱི་སྐད་ལ་ཤ་ཞེན་ཆེ་མདོག་གིས་སྐད་བྱེ་བྲག་པ་དང་མཐུན་པའི་

ཚིག་མཛོད་གསར་བཟོ་ལ་ཁ་དཀྱུ་ན་སྐད་ཡིག་ལ་གནོད་སྐྱོན་གྱི་འགྱུར་གཞིའི་དུག་རྩ་སྡུག་ཤོས་ཡིན་ཏེ། དཔེར་ན།

རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་བྱུང་རིམ་ནི་ཚིག་མཛོད་གསར་བཟོ་བྱས་རྐྱེན་ལ་ཐུག་ཡོད་པ་ལྟ་བུས་ཤེས། དགེ་

ཆོས་ཀྱིས་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་

རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང༌། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་

སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་

སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་

ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་

དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་

བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་

ཡང༌། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་

ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་

ཟོན་དགོས་པ་ལགས་ཞེས་གསུངས།།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།