སེམས་འཕྲིན་ ཞོགས་ལྗང་།

08/07/2009 09:14

                 གོང་ས་མཆོག་ལ་བསྐུར་བའི་སེམས་འཕྲིན།

 རྩོམ་པ་པོ་།  ཞོགས་ལྗང་  འོད་དཀར་ཟིན་བྲིས་ནས་འདིར་བཀོད་པ་ཡིན།

     དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་རེད། ངས་རྒྱང་རིང་ནས་ཅི་ཞིག་འབུལ་དགོས་པ་ཁྱོན་ནས་མི་ཤེས། ཡང་གཅིག་

བཤད་ན། ང་ལ་ཁྱེད་ལ་མཁོ་བའི་དངོས་པོ་ཅི་ཡང་འབུལ་རྒྱུ་མེད་པ་འདྲ། ཡིན་མོད་ཀྱང་། ངས་ཀྱང་ཁོ་ཚོ་ལྟར་ཁྱེད་

ལ་ཅི་ཞིག་འབུལ་ན་འདོད། འདི་ནི་ང་རང་ནམ་ཡང་ལག་སྟོང་ལ་ཡོང་མ་འདོད་པས་ཡིན་ལ། ལག་སྟོང་དུ་འདུག་མ་

སྤོབས་པས་ཀྱང་ཡིན།

རྩོམ་འབྲི་མཁན་ཞིག་ལ་མཚོན་ན། རྩོམ་ཡིག་ནི་ཁོའི་ཚེ་སྲོག་རེད། དེ་ལས་བྱུང་བའི་སྐད་ཆ་དག་ནི་ཟུངས་ཁྲག་རེད།

ང་ཡང་རྩོམ་ལ་འཇུག་སྤྲོ་བ་ཞིག་ཡིན་ལ། ལྷག་པར་དུ་འབོལ་རྩོམ་འབྲི་བ་ལ་སྤྲོ་མཁན་ཞིག་ཡིན། ནམ་རྒྱུན་འབོལ་རྩོམ་

ཞིག་འབྲི་བ་ནི་ང་ལ་མཚོན་ན་རང་དབང་ཞིག་ཁྱོན་ནས་མ་རེད་ལ། ཡང་ཧ་ཅང་རང་དབང་ཞིག་ཀྱང་རེད། དེ་བཞིན་

དུ། དེ་རིང་འདི་ནས་འབོལ་རྩོམ་ཞིག་འབྲི་བ་ནི་ཧ་ཅང་རང་དབང་ཞིག་རེད་ལ། རང་དབང་རྦད་དེ་ཤོར་བ་ཞིག་ཀྱང་

རེད། འོ། འདི་ནི་ངའི་ཚེ་སྲོག་ཅིག་ཀྱང་ཡིན། དེ་བས་ང་ལ་འདི་ལས་ལྷག་པའི་ལེགས་སྐྱེས་ཤིག་འབུལ་རྒྱུ་མི་འདུག

ཉེ་སྔོན་ཁྱེད་ཀྱི་མིང་ཡིག་འདུས་པའི་རྩོམ་རེ་གཉིས་ཤིག་སྤེལ་མྱོང་ལ།

དེ་ལ་རྐྱེན་བྱས་ནས་བོད་ཕྱི་ནང་གཉིས་ཀྱི་གྲོགས་པོ་མང་བོ་ཞིག་འུར་ཟིང་ངེར་སོང་ཡོད་པ་རེད། དེ་ནི་ང་ལ་མཚོན་ན་

རང་གི་རྩོམ་གྱི་ནུས་པ་ཞིག་རེད་ཅེས་བཤད་ཆོག་ལ། ང་རྒྱལ་ཞིག་ཏུ་ཡང་ངོས་བཟུང་ཚར་ཡོད།  ངས་དེ་ནས་ནང་དཀྲུཌ་

ཤིག་འཕེན་བསམ་པ་ནི་མ་རེད་ལ། འཕེན་ཐུཔ་མིན་ཡང་མི་ཤེས། ཁོ་ཚོར་མཚོན་ན་དེ་ནི་དངོས་གནས་བཟོད་ཐབས་

མེད་པའི་རྩོམ་ཞིག་ཡིན་པ་འདྲ། དེ་ཡང་ཁྱེད་ཀྱི་མིང་ཡིག་ཅིག་ཡོད་པས་ཡིན་རྒྱུ་རེད། འདི་ཁྱོད་ཀྱི་ནག་ཉེས་ཤིག་མ་

རེད་ཅེས་བཤད་རྒྱུ་མིན་ལ། གནས་སྐབས་སུ་དེ་ལ་ཁག་འགེལ་ཡང་བྱ་གི་མིན། དེ་ནི་ངེས་པར་དུ་བཤད་འདོད་པ་ཞིག་

རེད། སྐབས་དེར་ངས་བཤད་འདོད་པ་ནི། ནམ་ཞིག་ཁྱེད་ཉིད་མེད་པར་གྱུར་སོང་ན། ཤུལ་དུ་ལུས་པའི་བོད་འདི་ནི་བྱེ་

མའི་འཆང་བུ་བཞིན་འཐོར་རྒྱུ་རེད་བསམ་པ་ཡིན། དེའི་སྐོར་ཉེ་སྔོན་སྐུ་ཞབས་བང་ལེ་ཞོན་གྱིས་བཤད་ཡོད་པ་རེད།

ཡིན་ན་ཡང་། འུ་ཅག་གནས་ལུགས་ལས་བཤད་མཁན་ལ་གཙིགས་ཆེ་བས། ངས་བཤད་པ་དེ་ནི་སུས་ཀྱང་མཉམ་འཇོག་

བྱེད་མི་སྲིད་པ་ཞིག་དང་། ཡང་ན་རིན་ཐང་ཡེ་ནས་མེད་པ་ཞིག་ཏུ་གྱུར་ཡོད་པ་ངས་ཤེས་ཡོད། འདི་ཁྱེད་ཀྱིས་ཀྱང་

ཁས་ལེན་བྱེད་ངེས་རེད། དཔེ་གསོན་པོ་ཞིག་དྲངས་ན། སྔོན་ཆད་སྐུ་ཞབས་ཞོགས་དུང་གིས་བཤད་པའི་རྒྱན་ལྤགས་སྐོར་

གྱི་སྐད་ཆ་དག ལོ་འགའི་རྗེས་སུ་ཁྱེད་ནས་གསུང་བ་དང་ནུས་པ་རྦད་དེ་མ་འདྲ་བ་ལྟ་བུ་རེད། ད་ནི་འདི་ལ་ཡང་འཁང་

ར་མ་བྱས་ཀྱང་ཆོག་གི

དེ་ན་འདི་ནས་དེ་རིང་ཁྱེད་ལ་ཅི་ནས་ཀྱང་ཞུ་འདོད་པ་ནི། གྲྭ་གཟུགས་ཅན་གྱིས་བོད་སྲིད་འཛིན་པའི་སྐོར་འདི་ཡིན།

ངས་བསམ་ན་འདི་ནི་མཐུན་སྦྱོར་བྱེད་ཐབས་མེད་པ་ཞིག་རེད། གྲྭ་བ་ཞིག་གིས་འཇིག་རྟེན་སྤོང་བྱར་འཛིན་པ་དང་།

ཆབ་སྲིད་པ་ཞིག་གིས་འཇིག་རྟེན་དམིགས་བྱར་འཛིན་པ་གཉིས་ངས་བསམ་ན་ཁ་ཁ་སོ་སོ་རེད། ཆབ་སྲིད་ལ་དྲག་ཤུགས་

དགོས་པ་རེད། ཡང་གཅིག་བཤད་ན་དྲག་ཤུགས་ནི་ཆབ་སྲིད་ཀྱི་ཁྱད་ཆོས་གཙོ་བོ་རེད། ཐུབ་བསྟན་ཆོས་ལུགས་ལ་ཞུ་བ་

གཙོ་བོ་རེད། དེ་ནི་ཆོས་ལུགས་ཀྱི་ཁྱད་ཆོས་རེད། སྐབས་ལན་རེར་འདི་གཉིས་མཐུན་སྦྱོར་ལེགས་པོ་བྱེད་ཐུབ་ཀྱིན་ཡོད་

ན་ཡང་། གནས་ཚུལ་མང་བོའི་ཁྲོད་ནས་འདི་གཉིས་ནི་བྱེད་ཐབས་མི་འདྲ་བ་གཉིས་ཡིན་པ་མ་ཟད། དམིགས་ཡུལ་མི་

འདྲ་བ་གཉིས་ཀྱང་རེད། འདི་ཡང་རིག་འཁྲུལ་ཁྱད་པར་བ་ཞིག་གིས་བསྒྲུབ་ན་ནུས་ཀྱང་སྲིད་མོད། ཚན་རིག་ལ་མངོན་

སུམ་ལས་རིག་པ་གཙོ་བོ་མ་རེད་སྙམ། ད་དུང་། ཁྱེད་ཉིད་ཆོས་ལུགས་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཞི་བདེའི་རྟཌ་

མ་བཞེས་པའི་ཆོས་ལུགས་མི་སྣ་གྲགས་ཆེན་ཞིག་རེད་པས། ཁྱེད་ནས་ནམ་ཡང་ཞི་བདེ་གསུང་བ་ཡང་གནས་ལུགས་ཤིག་

རེད། འདི་ནི་བོད་ཀྱི་གནས་བབ་ཐག་གཅོད་ཀྱི་ཐབས་ལམ་ཞིག་ཡིན་ཡང་སྲོད་མོད། མྱུར་ལམ་ཞིག་ཏུ་འགྲུབ་ཀྱིན་ཡོད་

མེད་ལ་ཞིབ་ཏུ་བསམ་གཞིག་གནང་དགོས་པ་འདྲ།

ཁྱེད་ནས་ནམ་ཡང་རང་ཉིད་མི་ཞིག་ཡིན་པར་བསྒྲགས་དང་སྒྲོག་གིན་ཡོད་པ་རེད། ཡིན་ན་ཡང་། མང་བོ་ཞིག་གིས་

ཁྱེད་ཉིད་ལྷ་ཞིག་ཏུ་ངོས་འཛིན་གནང་གིན་ཡོད་པ་རེད། རེ་བ་ཡོད་ཚད་ཁྱེད་ཀྱི་སྟེང་དུ་བཅོལ་ནས་ཡོད་པ་རེད། འདི་

ནི་ཐུབ་བསྟན་ཆོས་ལུགས་ལན་སོང་བ་རེད། བག་ཆགས་འདིས་ནམ་ཡང་འུ་ཅག་མུན་ནག་དང་ལོག་ལམ་དུ་འདེད་ཀྱིན་

འདུག གནད་དོན་འདི་ཁྱེད་ཀྱིས་ངོས་ལེན་བྱེད་མིན་མི་ཤེས་མོད། ཁྱེད་ཀྱི་རྐུབ་ལྡག་མཁན་མང་བོ་ཞིག་གིས་ངོས་ལེན་

བྱེད་མི་ཐུབ་པ་ངས་གསལ་བོར་ཤེས་ཡོད། ཐེངས་སྔོན་མར་ཡང་ངས་གནས་ལུགས་འདི་བཤད་པས་མང་བོ་ཞིག་ལ་གོ་

ལོག་ཐེབས་ནས། མི་གཞི་དང་འབྲེལ་བའི་བསྙོན་འཛུགས་སྣ་ཚོགས་བྱས་པ་རེད། ངས་བསམ་ན་ཁྱེད་ཀྱིས་འདི་དག་ལ་

ནམ་ཡང་གནད་དོན་འདི་དག་གླེང་དགོས་པར་སྙམ། ལྷག་པར་དུ་ཤེས་ཡོན་སྦྱོང་བའི་སློབ་མ་རྣམས་ལ་གསལ་བཤད་

བྱེད་དགོས་པ་འདྲ། ཁོ་ཚོར་མི་ཚུལ་རིང་ལུགས་ཀྱི་བསམ་བློ་ཁྱབ་སྤེལ་བྱེད་པ་ནི་ཁྱེད་ནས་འགོ་བཟུང་ན་དར་ཁྱབ་ཏུ་

འགྲོ་སླ་ཞིང་། ནུས་པ་བླ་ལྷག་གིས་ཐོན་པ་ཞིག་རེད་སྙམ་གྱིན་ཡོད། འདི་འཁང་ར་བྱས་པ་མིན། ནམ་ཡང་བཟོད་བསྲན་

བྱེད་མི་ཐུབ་པ་ནི་ཁྱེད་ཀྱི་རྐུབ་ལྡག་ནས་འདུག་མཁན་དེ་དག་རེད། དེ་དག་གིས་རང་གི་ཕ་གཞིས་ཤོར་བའི་ཉེས་པ་

བསྐྱུར་ནས། ད་དུང་ངོ་ཚ་ཅི་ཡང་མེད་པར་ཕྱིར་འཁོར་ནས་གནས་ལུགས་གྱོང་རིལ་ཞིག་བཤད་པ་ནི་ཏག་ཏག་ནག་

ཉེས་ཆེན་པོ་ཞིག་རེད། ཁོ་ཚོར་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་ཕྱི་གླིང་གི་རིག་གནས་དང་བོད་ཀྱི་གནས་

བབ་བསྒྲགས་ཏེ་ཞིབ་འཇུག་བྱ་རྒྱུ་དེ་རེད་མོད། ཁོ་ཚོས་ཡེ་ནས་འཁྱོངས་ཀྱིན་མེད་པ་ཡང་འདི་རེད། རང་ཉིད་ནས་

འགོ་རྩོམ་མི་ཐུབ་པར། ཕྱི་གླིང་གི་མཁས་པ་རེ་གཉིས་ཀྱིས་ཐུབ་བསྟན་ཚན་རིག་དང་མཐུན་ས་ཡོད་པར་བསྒྲགས་པ་

དེས་ཡིད་ཡོངས་སུ་འཚིམ་ནས་འདུག་པ་འདི་ནི་འུ་ཅག་མུ་མཐུད་དུ་རྗེས་ལུས་ཐེབས་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་མ་རེད་

དམ། ང་ཚོས་འདི་ནས་རང་གི་སྐྱ་ཆད་སྔོ་སྡུག་གི་གནས་བབ་མ་བཟོད་པར་མི་ཚུལ་རིང་ལུགས་ཀྱི་དར་ཆ་ཞིག་ལག་

ཏུ་བཟུང་བར། ཁོ་ཚོས་དེ་མ་ཐག་རྒོལ་གཏམ་གཏོང་ཅི་ཐུབ་བྱེད་པ་ནི་གནད་གང་དུ་ཐུག་སོང་བ་རེད་དམ། འདི་ནི་

དགོས་ངེས་ཤིག་རེད་དམ། ངས་ཁོ་ཚོས་དཀའ་ལས་རྒྱག་གིན་མི་འདུག་ཅེས་བཤད་ཐུབ་ཀྱིན་མེད་ན་ཡང་། ཕྱིར་འཁོར་

ནས་ང་ཚོར་རྒོལ་གཏམ་མ་གཏོང་ཞེས་བཤད་པ་ཡིན། ང་ཚོས་ཀྱང་བསམ་གནག་པ་མ་རེད། ང་ཚོར་ཡང་གནས་ལུགས་

ཤིག་མེད་ན་ད་དུང་ཨུ་ཚུགས་མཐར་སྐྱེལ་བྱེད་པ་མ་རེད། དཀའ་སྡུག་ཡོད་ཚད་རང་ཉིད་ཀྱིས་འཁུར་བ་མ་རེད། ངས་

བསམ་ན་ཁོ་ཚོས་དཀའ་ལས་རྒྱག་ས་གཙོ་བོ་ནི་ཆབ་སྲིད་རེད། ཁོ་ཚོར་ཡོད་པ་ནི་ཆབ་སྲིད་ཀྱི་མིག་དབང་ཁོ་ན་རེད།

ཆབ་སྲིད་ནི་འུ་ཅག་ལ་མེད་དུ་མི་རུང་བ་ཞིག་རེད། རྒྱལ་ཁབ་དང་མི་རིགས་གང་ལ་ཡང་མེད་དུ་མི་རུང་བ་ཞིག་རེད། དེ་བཞིན་དུ་རིག་གནས་ཀྱང་མེད་དུ་མི་རུང་བ་ཞིག་རེད། ཕྱོགས་ངེས་ཅན་ཞིག་ནས་བཤད་ན་ཆབ་སྲིད་ནི་རིག་གནས་

ལ་བརྟེན་ཏེ་གནས་ཡོད་པར་འདོད། རིག་གནས་མེད་པའི་ཆབ་སྲིད་ཅིག་གཞར་ཡང་གནས་ཐུབ་བམ། ཉི་ཧོང་གི་མཁས་

པ་ཞིག་གིས། རིག་གནས་བསམ་བློ་ནང་འདྲེན་བྱེད་རྒྱུ་ནི་ལག་ཆ་ནང་འདྲེན་བྱེད་རྒྱུ་ལས་གལ་ཆེ་བར་གསུང་ཡོད་པ་

མང་བོ་ཞིག་གིས་མཐོང་ཡོད་ངེས་རེད། དེ་ནི་ཏག་ཏག་གནས་ལུགས་རེད། ད་ལྟ་འུ་ཅག་ལ་ལག་ཆ་མང་བོ་ཞིག་ནང་

འདྲེན་བྱས་རུང་། དེ་ནི་ལོང་བ་ཞིག་ལ་དོང་བསྟན་པ་འདྲ་མཚུངས་རེད། ཁོ་ཚོས་གཅིག་ཀྱང་བཀོལ་ཤེས་ཀི་མ་རེད། མ་གཞི་ནས་ཁོ་ཚོའི་ཀླད་པའི་ནང་དུ་དེའི་སྒྲིག་གཞི་དེ་ཆགས་ཐུབ་མེད་པས་རེད། དེ་བས་ཁོ་ཚོའི་ལག་ཏུ་འུར་ཆ་དང་

འབྱོར་བཞག་ན་ད་དུང་འཕྲོད་པོ་ཡོད་རྒྱུ་རེད། འདི་ལྟར་དགོད་བྲོ་བའི་གནས་ཚུལ་ཞིག་གི་འོག་ཏུ་ད་དུང་མིའི་རྟོགས་

པ་སད་པར་ཁ་ཡ་མི་བྱེད་པར། ཆབ་སྲིད་ཅེས་ཁ་ཆེན་པོ་གདངས་པས་དགེ་མཚན་ཡོད་སྲིད་མོད། གཞར་ཡང་རྒྱལ་ཁ་

དངོས་མ་ནི་མ་རེད་དོ། ། སྐད་ཆ་མཚམས་འདིར་ཐོན་དུས། ཁྱེད་ལ་འཚམ་འདྲི་ཞིག་ཀྱང་བྱས་མེད་པ་དྲན་བྱུང་། དེ་

ཡང་སྐྱོན་མེད་དེ། ཁྱེད་ནས་དེ་ལ་དོ་སྣང་ཆེན་པོ་བྱེད་ཀི་མ་རེད། མི་ཞིག་ལ་མཚོན་ན་འཚམ་འདྲི་ནི་དོན་དག་ཅིག་

གི་འགོ་རྩོམ་ས་རེད་མོད། ངས་ཐོག་མ་ཉིད་ནས་བསམ་འཆར་ལུང་བ་གང་བཤད་པར་རྒྱུ་མཚན་མེད་པ་མ་ཡིན། དེ་

ན་ད་ལྟ་དུས་ཚོད་ཀྱིས་འདི་ལྟར་མཚམས་མི་འཇོག་ག་མེད་བྱུང་བས། ཉིད་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ཡིད་བཞིན་

འགྲུབ་པར་སྨོན།

   ཉིས་སྟོང་དགུ་ལོའི་ཟླ་བདུན་པའི་ཚེས་དྲུག་ཉིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོད་པའི་

                                                 བོད་རིགས་སློབ་མ་ཞོགས་ལྗང་གིས་སྦྱར་བ་དགེའོ། །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།