ལྡི་ལི་ནས་བོད་མི་ཞིག་གིས་མེར་བསྲེཊ།

26/03/2012 12:51

 

ལྡི་ལི་ནས་བོད་མི་ཞིག་གིས་མེར་བསྲེཊ།

དེ་རིང་ཞོགས་པར་རྒྱལ་ས་ལྡི་ལི་ཇན་ཏར་མ་ཏར་ས་གནས་སུ་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། ད་ལྟའི་ཆར་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག

རྨེའུ་དཀོན་རྒྱམ་ལགས་ཀྱིས་ལྡི་ལི་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེི་རིང་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཡོང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། རྒྱ་ས་ལྡི་ལིར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་གནང་བཞིན་པ་ལྟར། ཞོགས་པར་བོད་མི་བརྒྱ་ཕྲག་འགས་ར་རྗི་གྷེ་ཁྲི་ནས་མགོ་བཙུགས་ཏེ་ཇན་ཏན་མན་ཏར་ས་གནས་བར་སྐད་འབོད་ཁྲོམ་སྐོར་གྱི་སྤེལ་ཡོད་པ་དང་། ལས་འགུལ་བ་ཚོ་ཇན་ཏར་མན་ཏར་ས་གནས་སུ་བསླེབས་ཏེ་གཞོན་ནུ་ལྷན་ཚོགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་གཏམ་བཤད་གནང་གྲུབ་མཚམས་སྟེ། ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པའི་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེར་བསྲེགས་བཏང་སྟེ། གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས་སར་འགྱེལ་ཡོད་འདུག སྐབས་དེར་མི་མང་གིས་ལུས་སྟེང་གི་མེ་གསོད་ཐབས་བྱས་ཡོད་ཀྱང་། ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ད་ལྟའི་ཆར་(RanmamnoHar Lohia Hospital) ཞེས་པའི་སྨན་ཁང་དུ་འཁྲིད་དེ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི། ཁམས་རྟའུ་ནས་ཡིན་པ་དང་། ད་ལྟ་རང་ལོ་༢༧ ཡིན་འདུག ཁོང་༢༠༠༥ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། ད་ལོ་སློབ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོད་འདུག

 

 

གསར་འགོད་པ། དོན་གོ
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།