ལོ་རྒྱུས་སྔོན་འགྲོ།

13/07/2009 10:20

བོད་ཀྱི་ལོ་རྒྱུས་ཤེས་པའི་སྔོན་འགྲོ།

དང་པོ། བོད་ཅེས་པའི་མིང་གི་སྐོར་བཤད་པ།

བོད་མིས་རང་ཉིད་བོད་ཀྱི་ལོ་རྒྱུས་ཤེས་དགོས་ཤིང༌། དེ་ཤེས་པར་ཐོག་མར་བོད་ཅེས་པའི་མིང་གི་སྐོར་བསམ་

གཞིག་ཅིག་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། དེ་ཡང༌། བོད་ཅེས་པའི་རྒྱལ་ཁབ་ནི་འཛམ་གླིང་ཤར་ཕྱོགས་རྒྱལ་

ཁབ་ཆེ་ཤོས་རྒྱ་དཀར་ནག་གཉིས་ཀྱི་དབར་དུ་ཡོད་པས་རྒྱ་གར་གྱིས་བྷོ་ཊ་དང༌། རྒྱ་ནག་གིས་ཐུ་ཕཱན། དེང་

དུས་གྲགས་ཆེ་བའི་དབྱིན་ཇི་སྐད་ཡིག་ནང་བོད་ཀྱི་རྒྱལ་ཁབ་ལ་ཅགྲསྐྱཁྱཅདང༌། དེའི་བདག་པོ་གནས་སྡོད་

བྱེད་མཁན་བོད་ཀྱི་མི་རིགས་ལ་Tibetan ཞེས་འབོད་ཅིང༌། འཛམ་གླིང་སའི་མཐོ་ཤོས་ཡང་ཐོག་ཏུ་ཆགས་

ཡོད།བོད་ཅེས་པའི་མིང་བྱུང་སྟངས་དང༌། དེའི་ཁྱབ་ཚད་བཤད་པ། དང་པོ། ལ་ལས་བོན་ཞེས་པའི་སྒྲ་བོད་ཅེས་

པའི་སྒྲ་ལ་གྱུར་ཟེར་ན། བོན་དར་བའི་རྗེས་སུ་གཞི་ནས་བོད་ཅེས་བྱུང་བར་འདོད་དགོས་ཀྱང༌། ཡོངས་འཛིན་

བསྟན་འཛིན་རྣམ་དག་མཆོག་གིས། བོད་ཡུལ་སྐོར་གསུང་སྐབས། བོན་བོད་དུ་གྱུར་ཚུལ་ཚིག་ཟུར་ཙམ་ཡང་མ་

གསུངས་ཤིང༌། འདི་སྐབས་གནས་ལུགས་ཞིབ་ཏུ་གཞིགས་ཚེ། དེབ་ཐེར་དཀར་པོའི་ནང་དུ་བོད་ཅེས་པའི་མིང་

གི་འགྱུར་གཞི་གཡུང་དྲུང་བོན་ལ་དོགས་སློང་ཡིན་ན་འཐད་པར་མ་མཐོང་སྟེ། འབེལ་གཏམ་ལུང་གི་སྙིང་པོ་

ལས། གཡུང་དྲུང་བོན་ནི་བོད་ཀྱི་རྒྱལ་པོ་བྱུང་ཕྱིན་ཆད་བོད་དུ་བྱུང་བ་ཡིན་པར་བཤད་པས་སོ་ཞེས་གསུངས་

པས། བོད་དུ་གཡུང་དྲུང་བོན་ནི་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་ཕྱིན་ཆོད་ནས་དར་བར་འདོད་པ་མིན་

ནམ་སྙམ་ལ།     བོད་ཅེས་པའི་མིང་ནི་གཤམ་གསལ་ལྟར་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་མ་བྱོན་པའི་ལོ་

གྲངས་དུ་མའི་སྔོན་ནས་བྱུང་ཟིན་པས་འདོད་ཚུལ་དེ་རང་བཞིན་གྱིས་འགག་འགྲོ་བར་མཐོང༌། ཡང་ལ་ལས་

སྤུ་རྒྱལ་བོད་ཅེས་འབོད་པ་ལ་བརྟེན་ནས་རྒྱལ་པོའི་མཚན་ཡུལ་ལ་ཐོགས་སོ་ཞེས་སོགས་རྒྱུ་མཚན་ཉི་ཚེ་བའི་

བསམ་ཚུལ་མང་དག་ཅིག་སྣང་ཡང༌། ཡིག་ཉོབ་དེ་དག་ལ་རྒྱུ་མཚན་ཡང་དག་གིས་ཞིབ་དཔྱད་དགོས་པའི་

དྲན་གསོའི་སྐུལ་སློང་ཙམ་བྱེད་པ་ལས་དགག་སྒྲུབ་བྱེད་རིན་གང་ཡང་མ་མཐོང་ཡང༌།  སྤུ་རྒྱལ་ཞེས་པའི་

སྤུའི་གོ་དོན་ལ་སྔོན་གྱི་མཁས་པ་ཕལ་ཆེར་འཁྲུལ་སོང་བ་ལྟ་བུར་སྣང་བས།   སྐབས་འདིར་གལ་ཆེན་དུ་

བརྩིས་ནས་སྤུ་ཞེས་པའི་ཚིག་གི་གོ་དོན་ལ་ངེས་པར་དུ་འགྲེལ་བརྗོད་ཅིག་བྱེད་དགོས་པར་འདུག་ཀྱང༌།

འཆད་འགྱུར་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་བཤད་པའི་སྐབས་དང་གནས་ལུགས་འབྲེལ་ཆགས་ཆེ་

བར་མཐོང་བས་འདིར་མ་བཤད་དོ།།     གང་ལྟར་བོད་ཅེས་པའི་མིང་ཐོགས་སྟངས་སྐོར་རྟོག་འཆར་ཤོད་

མཁན་མང་དག་ཅིག་སྣང་ཡང༌། ཁུངས་བཙན་ཤོས་ཏུན་ཧོང་ཡིག་ཆར་ཁྲི་ཉག་ཁྲྀ་བཙན་པོའི།   །ཞེས་

སོགས་ནས་མཉེད་ཁྲུང་ཁྲུང་གིས་པྱག་འཚལ་ལོ། བོད་ཀ་གཡག་དྲག་གྀ་རྗེར་གཤེགས་སོ། ཞེས་འབྱུང་བས།

དེ་ལྟར་ན་ཕྱི་ལོ་སྔོན་གྱི་ལོ་ ༡༢༧ ལོར་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་དུས་ནས་བོད་ཅེས་

པའི་མིང་ཡོད་པར་ཤེས་ལ། དེ་ནས་ཡར་འདེད་རྒྱལ་ཕྲན་སིལ་མ་བཅུ་གཉིས་རིམ་བྱུང་ནང༌། ཕྱི་ལོའི་སྔོན་

གྱི་ལོ་ ༡༧༠༠ ཡས་མས་ཀླུ་བཙན་གྱི་དུས་རབས་ཞེས་པར། ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས།

ཞེས་ཀྱང་འབྱུང་ཞིང༌། འབེལ་གཏམ་ལུང་གི་སྙིང་པོ་ལས། དེ་ནས་བོད་ཡུལ་འདི་ཉིད་མ་སངས་སྤུན་དགུས་

དབང་བྱས་ཏེ། ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་གྲགས། ཞེས་གསུངས་ཤིང༌། ལྡེའུ་ཆོས་འབྱུང་དང༌། ཆོས་

འབྱུང་མཁས་པའི་དགའ་སྟོན་སོགས་ལས་ཀྱང༌། འབྲི་ཚུལ་ལ། བོད་ཁ་ཉ་དྲུག་དང༌། བོད་ཁམས་གཡའ་དྲུག་

སོགས་བོད་ཅེས་པའི་མིང་གི་ཚིག་གྲོགས་མི་འདྲ་བ་མང་དག་ཅིག་སྦྱོར་བའི་རྣམ་པ་ཙམ་ལས། སྙིང་དོན་བོད་

ཅེས་པའི་མིང་མངའ་མཛད་བཅུ་གཉིས་ཀྱི་བདུན་པ་མ་སངས་རུས་དགུའི་དུས་རབས་ནས་ཡོད་པ་མཁས་པ་ཀུན་

གྱི་སྤྱི་སྐད་དུ་གྱུར་ཅིང༌།  མ་སངས་རུས་དགུའི་དུས་རབས་ནི་ཕྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཡས་མས་ཙམ་དུ་བྱུང་

བས་ད་བར་ཧ་ལམ་ལོ་བཞི་སྟོང་གི་སྔོན་ནས་བོད་ཅེས་པའི་མིང་བྱུང་ཟིན་པ་དངོས་གསལ་ཡིན་མོད། དེ་ལས་ཀྱང་

སྔོན་ན་བོད་ཅེས་པའི་མིང་ཡོད་མེད་དང༌། ཡོད་ན་གོང་རིམ་དུས་རབས་གང་འདྲ་ཞིག་ནས་བྱུང་བ་རིམ་བཞིན་

ཡར་འདེད་ཀྱིས་དཔྱད་དགོས་ཤིང༌། ལྷག་པར་རིན་ཆེན་སྤུངས་པ་ལས། བོད་ཅེས་པའི་མིང་ནི་བོད་མིའུ་ལྡོང་དྲུག་

གི་སྔོན་རོལ་ནས་ཡོད་པ་ལྟ་བུར་བཤད་དེ། རྒྱལ་བུ་འཐེང་གེ་ལ་སྲས་བོད་འཛོམ་ལ་ཕྲོམ་དང༌། བོད་ཁྲི་དོ་ཆེན་པོ། དེའི་སྲས་བོད་མིའུ་ལྡོང་དྲུག་ཅེས་པ་བྱུང་བས་ཞེས་འཁོད་པ་རྣམས་ལ་བསམ་ན། བོད་ཅེས་པའི་མིང་བོད་མིའུ་ལྡོང་

དྲུག་གི་སྔོན་ནས་ཡོད་པ་ལྟ་བུ་ཞིག་ཀྱང་སྣང༌། དེས་ན་བོད་ཅེས་པའི་མིང་ནི་ལོ་འབུམ་ཕྲག་དུ་མའི་སྔོན་ནས་བྱུང་

བའི་རྣམ་པ་ཞིག་ཀྱང་མངོན་ཞིང༌། གལ་ཏེ་དེ་ལྟར་ན་འབྱུང་ཁུངས་གོ་དོན་དང་བཅས་པར་ཞིབ་དཔྱད་བྱ་རྒྱུ་ལས།

མི་གསར་བུས་དེང་དུས་སྤྱི་ཚོགས་དང་བསྟུན་ནས་དེའི་འབྱུང་ཁུངས་འདི་དང་གོ་དོན་འདིའོ་ཞེས་ཨང་སར་བྱིས་

པའི་བློ་རྒོད་ཀྱིས་ཚིག་ཐག་གཅད་སྔ་ཞིག་བྱེད་མི་རུང་སྟེ། རྗེ་ཙོང་ཁ་པས། ཐག་གཅོད་མ་སྔ། དཔྱད་པ་མ་ཐུང༌།

ཞེས་གསུངས་པ་ལྟར། དཔྱད་པ་ཕུགས་འཕེར་ཞིག་བྱ་ན་ལེགས་སོ་སྙམ་མོ།།   གསུམ་པ་བོད་ཅེས་པའི་མིང་གི་ཁྱབ་

ཚད་ནི།གནའ་རབས་སུ་མིང་འདིས་ལུང་ཆུང་ཙམ་ཞིག་ལ་གོ་བ་ཡིན་ཚོད་ལ།   རྗེ་གནམ་རི་སྲོང་བཙན་གྱི་སྔོན་

རོལ་བཙན་པོའི་དུས་རབས་སུ་བཙན་པོ་རྣམས་ཀྱི་དབང་རིས་ཁྱབ་ཚད་ཙམ་ལ་གོ་བ་དང༌།  ཕྱིས་སུ་སྲོང་བཙན་

གྱིས་བོད་ཀྱི་རིགས་རུས་ས་ཁོངས་དང་བཅས་པ་གཅིག་གྱུར་བཟོས་པའི་མངའ་འབངས་རྒྱ་བསྐྱེད་བྱས་པ་ཚང་མ་

ལ་རྒྱ་མཚོའི་ནང་དུ་རྡོ་གཡུག་ཤུལ་གྱི་ཆུ་རིས་ཁྱབ་པ་བཞིན་གོ་རྒྱ་རིམ་གྱིས་ཆེ་རུ་སོང་བ་ཡིན་ཏེ། དཔེར་ན། སྔོན་

རྒྱ་གར་ཞེས་པ་མཉན་ཡོད་དང༌། གནས་བཅས། ཙམ་པ་ཀ ཝ་ར་ཎཱ་སི། ཡངས་པ་ཅན། རྒྱལ་པོའི་ཁབ་བཅས་གྲོང་ཁྱེར་

ཆེན་པོ་དྲུག་ཙམ་ལས་མི་གོ་ནའང༌། ད་སྐབས་སྔོན་གྱི་རྒྱ་གར་དང་མི་འདྲ་བར་སྟོད་ལ་དྭགས་གངས་རིའི་རྩ་ནས་སྨད་

རྒོའ་བ་རྒྱ་མཚོའི་འགྲམ་བར་དུ་ཡུལ་གྲུ་ཆེན་པོ་འདི་དག་ཡོངས་རྫོགས་ལ་གོ་འགྲོ་བ་བཞིན་ནོ། །ས་སྐྱའི་སྐབས་སུ་བོད་

ཅེས་པ་སྟོད་མངའ་རིས་གུང་ཐང་མས་ཆོད་ནས་སྨད་རྒྱ་ཡི་མཆོད་རྟེན་དཀར་ཆུང་ཡས་ཆོད་དུ་གོ་བར་གསལ་ཞིང༌།

ཕྱི་ལོ་༡༩༥༩ལོའི་རྗེས་སུ་བོད་རྒྱ་ནག་གུང་ཁྲན་རིང་ལུགས་ཀྱིས་བཙན་བཟུང་བྱས་པས་བོད་ཅེས་པའི་མིང་ནི་རྒྱ་གཞུང་

རང་འདོད་ཀྱིས་བཟོས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་བོད་ཀྱི་ཡུལ་གྲུའི་ཆ་ཤས་ཆུང་ཆུང་ཞིག་ལས་གོ་མི་ཐུབ་པར་

བཟོས་པ་དང༌།  རིམ་པས་དེ་ལས་ཀྱང་མིང་གི་སྙིང་དོན་རྩ་མེད་བཟོ་བའི་གཡོ་དྲྭའི་ནང་འཛུད་བཞིན་བོད་ཅེས་པའི་

མིང་གི་གོ་རྒྱ་ཇེ་ཆུང་ནས་ཇེ་ཆུང་དུ་གཏོང་བཞིན་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།