ལོ་རྒྱུས་ཤེས་པའི་

13/07/2009 10:18

ལོ་རྒྱུས་ཤེས་པའི་དགེ་ཕན།

ཐོག་མ་འཇིག་རྟེན་གྲུབ་པ་ནས་བཟུང༌། འཛམ་གླིང་ནང་དུ་གནས་པའི་མི་རིགས་སུ་འདྲ་ཞིག་ཡིན་ནའང་

ད་བར་རང་རང་མི་རིགས་ཀྱི་ལོ་རྒྱུས་བཟང་ངན་སྣ་ཚོགས་དང་གནས་ལུགས་ཉིན་མཚན་སྣང་མུན་བརྗེས་

པ་ལྟ་བུ་གྲངས་ལས་འདས་པ་ཞིག་བྱུང་ཡོད་པས།   གོ་ལའི་ཡང་རྩེར་གནས་པའི་རང་ཅག་བོད་མི་རིགས་

ལའང་དེ་བཞིན་ལོ་རྒྱུས་ཀྱི་འཕྲང་ལམ་རིང་མོ་ཞིག་ཡོད་པ་རེད།   འོན་ཀྱང༌།   རང་རེ་བོད་མི་རིགས་ཀྱི་

གོམས་གཤིས་ནང་ལོ་རྒྱུས་ནི་བེད་མེད་ལྟ་བུ་བསམ་ནས་སྦྱང་བརྩོན་ཞན་པས་ལྷོད་གཡེང་ཤོར་ཏེ་ལེགས་

པར་མི་ཤེས་པའམ། ཡང་ན་ཞོར་སྦྱང་ཙམ་ལས་བྱེད་སྲོལ་མེད་སྟབས་བོད་ཀྱི་ལོ་རྒྱུས་འགའ་ཤས་མི་གསལ་

བ་དང༌། འགའ་ཤས་བཞེད་པ་མི་མཐུན་པའི་རྩོད་རྙོག་སོགས་ཀྱི་གནས་སུ་གྱར་ཡོད་པ་རེད། དེང་སྐབས་

མཁས་པ་མང་པོས་ལོ་རྒྱུས་ནི་སྤྱིར་ཤེས་ཡོན་ཀུན་གྱི་རྨང་གཞིར་ཤེས་དགོས་པའི་ཤེས་བྱ་གལ་ཆེན་ཞིག་

ཡིན་ལུགས་སོགས་ཀྱི་གསུང་རྒྱུན་ཡང་མང་དུ་འགྲོ་བཞིན་པ་ལ།       སྔ་ཕྱིའི་རྒྱུ་མཚན་ཕྱོགས་བསྡོམས་ཀྱིས་

ད་ཐེངས་སོ་སོའི་ལོ་རྒྱུས་ལ་དགའ་མོས་ཆེ་བའི་བློ་གསལ་རྣམས་ལ་ལོ་རྒྱུས་ངེས་ཆ་སྲ་བརྟན་ཡོང་ཆེད་འདི་

ནས་ལོ་རྒྱུས་ཤེས་པའི་དགེ་ཕན་སྐོར་གང་ཤེས་ཅུང་ཙམ་བརྗོད་ན་སྙམ། དང་པོ། ལོ་རྒྱུས་ཤེས་པའི་དགེ་ཕན་

དང༌། ལོ་རྒྱུས་མི་ཤེས་པའི་སྐྱོན། ཞོར་འཕྲོས་དང་གསུམ།   དང་པོ་ལ་གནས་སྐབས་ཀྱི་དགེ་ཕན་དང་ཕུགས་

ཀྱི་དགེ་ཕན་གཉིས། དང་པོ་ནི། འདས་པའི་ལོ་རྒྱུས་འདྲ་མིན་སྣ་ཚོགས་དེ་དག་གང་ལ་བརྟེན་ནས་བྱུང་ཡོད་

པ་དང༌། གནས་ཚུལ་དེ་དག་རྒྱུ་གང་ལ་བརྟེན་ནས་འབྲས་བུ་གང་ཞིག་སྨིན་ཡོད་མེད་སོགས་གནས་ལུགས་ཞིབ་

བལྟ་བྱས་ཏེ་སྔོན་གྱི་ལོ་རྒྱུས་ཇི་བཞིན་ཤེས་ཐབས་བྱེད་རྒྱུ་དེ་ཡིན་པ་རེད།  གཞན་ཡང༌།  ལོ་རྒྱུས་ནི་ཚན་རིག་

ལེགས་པར་ཤེས་པ་ལ་རྩིས་རིག་ཤེས་པ་སྔོན་དུ་འགྲོ་དགོས་པ་ལྟར། རིག་གནས་མང་པོ་ཞིག་ཤེས་པར་བྱེད་པ་

ལ་ལོ་རྒྱུས་ཤེས་པ་ངེས་པར་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དཔེར་ན། ཆབ་སྲིད་དང་ཚན་རིག སྤྱི་ཚོགས་རིག་

གནས་དང་དམག་དོན་རིག་པ།  ཆོས་ལུགས་དང་དཔལ་འབྱོར་རིག་པ་སོགས་མདོར་ན་ལོ་རྒྱུས་ནི་གནའ་དེང་

རིག་གནས་ཀུན་གྱི་རྨང་གཞིའམ་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་བླ་ན་མེད་པ་ཞིག་ཡིན།  གཉིས་པ།

ཕུགས་ཀྱི་དགེ་ཕན་ནི། ལོ་རྒྱུས་ཤེས་པ་ལ་བརྟེན་ནས་རྒྱ་ཆེ་གཏིང་ཟབ་ཀྱི་གནས་ཚུལ་མང་པོ་ཞིག་འཚོལ་ཞིབ་

བྱེད་ཐུབ་པ་དང༌། ཕྱི་རོལ་ཡུལ་གྱི་སྙིང་དོན་མང་དག་ཅིག་ལོ་རྒྱུས་རིག་པ་ལ་བརྟེན་ནས་ཤེས་ཐུབ་པས་མིའི་

བསམ་བློའི་གནས་ཚད་མཐོ་རུ་འགྲོ་བ་ཡིན། དཔེར་ན།ལོ་རྒྱུས་ཤེས་པ་ལ་བརྟེན་ནས་མིའི་ལྷན་སྐྱེས་ཀྱི་བསམ་

བློའི་རྣམ་དཔྱོད་མེ་ཏོག་པདྨ་ཁ་བཞད་པ་ལྟར་ཆེར་རྒྱས་པའི་ཐོག་ནས་ལེགས་ཉེས་བླང་དོར་བདེ་བླག་གི་ངང་

ནས་འབྱེད་ཐུབ་པའི་དགེ་ཕན་ཆེན་པོ་ཡོད་པ་རེད། དེ་ཡང་ལོ་རྒྱུས་རིག་པ་ནི་ཤེས་རིག་ཐམས་ཅད་བདེ་བླག་

ཏུ་འཛིན་པར་བྱེད་པའི་ས་གཞི་དང༌། བྱ་གཞག་སྙིགས་དོར་བཅུད་ལེན་བྱེད་ནུས་པའི་ཐིག་ཤིང་ལྟ་བུ་ཞིག་ཡིན་

པ་རེད། ཇི་སྐད་དུ། ལོ་རྒྱུས་དོན་དང་མ་སྦྲེལ་ན།  །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་

དུ་འགྱུར། །ཞེས་ཀྱང་གསུངས་སོ། །གཉིས་པ་ལོ་རྒྱུས་མི་ཤེས་པའི་སྐྱོན་བཤད་པ་ལ་གཉིས། དང་པོ། རླངས་ཀྱི་པོ་

ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་

མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་དང་འདྲ།

ཞེས་གསུངས་པ་ལྟར། རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་གི་ལོ་རྒྱུས་མི་ཤེས་ན་བ་གླང་དང༌། སྤྲ་སྤྲེའུ་

སོགས་དུད་འགྲོའི་རིགས་དང་འདྲ་བ་ཡིན་ཏེ། བ་གླང་སོགས་དུད་འགྲོ་རྣམས་ལ་རང་གི་ཕ་མའི་རིགས་རྒྱུད་

ཡོད་ཀྱང་ཤེས་ཀྱི་མེད། དེའི་ཕྱིར། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་ནའང་རང་མི་རིགས་འཕེལ་འགྲིབ་

སོང་བའི་ལོ་རྒྱུས་ཀྱི་རྦ་རླབས་ངེས་ཅན་རེ་མཁའ་རུ་རྩེན་ཡོད་པ་ནི་ཆོས་ཉིད་ཡིན་པས། དེ་མི་ཤེས་ན་གོང་བཤད་

དུད་འགྲོ་སྤྱི་དང༌། ལྷག་པར་མཇུག་མ་མེད་པའི་ཤ་ཟ་ཁྲག་འཐུང་བྱེད་མཁན་སྤྲེའུ་སྡུག་ཤོས་ཤིག་དང་འདྲ་སོང་

བ་ཡིན། གཉིས་པ། མི་རིགས་སུ་འདྲ་ཞིག་གིས་རང་གི་ལོ་རྒྱུས་བྱུང་རིམ་མི་ཤེས་ན།  མི་རིགས་དང་རྒྱལ་ཁབ་དེའི་

ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་གཏོང་མི་ཐུབ་ལ། རང་གི་ལོ་རྒྱུས་མ་ཤེས་ན་རྒྱལ་ཁབ་དང་མི་རིགས་གཞན་

གྱི་བརྙས་བཅོས་འཁྱེར་མི་དགོས་པའི་འདྲ་མཉམ་གྱི་དཔུང་པ་མཉམ་གཤིབ་བྱེད་ཆོག་པའི་རྒྱལ་ཁབ་དང་མི་

རིགས་ཤིག་ཏུའང་འགྱུར་མི་སྲིད་པ་ཡིན། ལོ་རྒྱུས་མི་ཤེས་ན་ཆབ་སྲིད་དང༌། དམག་དོན་སོགས་ཀྱང་ཤེས་ཐབས་

བྲལ་བས།      གང་ལྟར་ལོ་རྒྱུས་རིག་པའི་ཤེས་སྦྱང་རྣམ་དཔྱོད་ཀྱི་ཁོ་ལག་ཡངས་པོར་མ་རྒྱས་པའི་མི་རིགས་ཤིག་

དུས་རྟག་ཏུ་སྔོན་ཐོན་གྱི་ཕྱོགས་སུ་ནམ་ཡང་བསྐྱོད་མི་སྲིད་པ་ཞིག་རེད།     གསུམ་པ་ཞོར་འཕྲོས། ལ་ལས་ལོ་རྒྱུས་

ནི་ལྷ་སྒྲུང་ལྟ་བུ་ལས་ཚོར་བ་མེད་པ་དང༌། ཡང་འགའ་རེས་ལོ་རྒྱུས་ཤེས་ན་སྔར་གྱི་ནད་རྙིང་སྐྱར་སློང་གི་རྒྱུ་ལྟ་བུ་

ལས་ཕན་ཐོགས་མེད་ཚུལ་བཤད་ན་རང་ཉིད་ཁོ་ནས་ལོ་རྒྱུས་ལ་ལྟ་སྟངས་ནོར་འཁྲུལ་ཆེན་པོ་ཤོར་བ་ཙམ་དུ་ཟད་

དེ། ལོ་རྒྱུས་ནི་ཐོག་མ་རང་གི་མི་རིགས་གྲུབ་ནས་བཟུང་ད་བར་དུ་བྱུང་བ་ངེས་ཅན་ཞིག་ཡོད་སྟབས། མི་རིགས་སོ་

སོའི་ལོ་རྒྱུས་ནི་རང་མི་རིགས་ཀྱི་ཟུངས་ཁྲག་དྲོན་མོའི་འཁོར་རྒྱུན་དང་འབྲེལ་བས་ལྷ་སྒྲུང་ལྟ་བུ་ཞིག་མིན་ལ། ལོ་

རྒྱུས་བྱུང་རིམ་ནི་མི་རིགས་དེ་དང་དེའི་ཆགས་འཇིག་འཕེལ་འགྲིབ་ཀྱི་གནས་སྟངས་དང་ཐད་ཀར་འབྲེལ་བས་

འཛམ་གླིང་ཡར་ཐོན་རྒྱལ་ཁབ་ཀུན་གྱིས་ལོ་རྒྱུས་རིག་པ་ནི་སློབ་ཚན་གྱི་གཙོ་བོར་བཞག་ཡོད་པས་སྤྱི་ཚོགས་ནད་

རྙིང་སྐྱར་སློང་བྱེད་པའི་རྒྱུ་རྐྱེན་དུ་འགྲོ་ན་དེ་བཞིན་ཅི་ལ་བཞག རང་ཉིད་དུད་འགྲོ་ལྟར་སྐྱེས་ཤིང་དུད་འགྲོ་ལྟར་

ཡལ་འདོད་མེད་ན། སུས་ཀྱང་རིག་གནས་གཞན་མ་ཤེས་ཀྱང་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་ངེས་པར་དུ་ཤེས་དགོས་

ངེས་ཡིན། དཔེར་ན།  མི་རིགས་ཤིག་གི་བདེ་སྡུག་ཆེད་ཁྲིམས་སྲོལ་ལྟར་བདེན་པའི་འཐབ་རྩོད་རྣལ་མ་ཞིག་བྱེད་

དགོས་ན་དང་ཐོག་མི་རིཌ་དེའི་ལོ་རྒྱུས་ཤེས་རྟོཌ་ལ་གཞི་གཞག་དགོས་པ་ལྟ་བུས་ཤེས་ཐུབ། མདོར་ན། རང་མི་

རིགས་ཀྱི་ལོ་རྒྱུས་ཤེས་ན་མི་རིགས་གཞན་དང་འདྲ་མཉམ་དུ་གནས་ཐུབ་པའི་གཞུང་ཤིང་ལྟ་བུ་དང༌། གལ་ཏེ་

རང་མི་རིགས་ཀྱི་ལོ་རྒྱུས་མི་ཤེས་ན་མི་རིགས་གཞན་དང་འདྲ་མཉམ་གྱི་གྲས་སུ་ཚུད་མི་ཐུབ་པས། སུས་ཀྱང་རང་

གི་ལོ་རྒྱུས་ཁུངས་ལྡན་སྲ་བརྟན་དུ་ཤེས་དགོས་པ་ཡིན་ནོ།།
ས་རཱ་མཐོ་སློབ་ནས་ངག་དབང་བྱམས་པས།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།