རྣམ་དབྱེ་བརྒྱད་བཤད་པ

14/11/2009 10:17

༄༅།རྣམ་དབྱེ་བརྒྱད་བཤད་པ།                རྣམ་དབྱེ་བརྒྱད་ནི་མིང་ཙམ་དང་། ལས་སུ་བྱ་བ་བྱེད་པ་པོ།།

དགོས་ཆེད་འབྱུང་ཁུངས་འབྲེལ་བ་དང་།། གནས་གཞི་བོད་པ་ཞེས་བྱའོ།། ཞེས་པས་རྣམ་དབྱེ་བརྒྱད་ཀྱི་གྲངས་ཙམ་

བསྟན་པ་དང་། ས་སུ་ག་བ་ད་དྲག་ཏུ།། ང་ད་ན་མ་ར་ལ་དུ།། འ་མཐར་ར་རུ་ཅི་རིགས་སྦྱར།། ཞེས་པས་ལས་དོན་རྣམས་

ཀྱི་ཐོབ་ཐང་བསྟན་པ་དང་། རྣམ་དབྱེ་གཉིས་བཞི་པ་དང་།། བདུན་པ་དེ་ཉིད་དུས་ལ་འཇུག། ཅེས་པས་ལ་དོན་གྱི་ཕྲད་

རྣམས་དོན་དུ་ལ་འཇུག་པ་དེ་བསྟན། གིས་ཀྱིས་གྱིས་འིས་ཡིས་ཞེས་པ།། རྣམ་དབྱེ་གསུམ་པ་བྱེད་པ་སྟེ། གི་ཀྱི་གྱི་འི་ཡི་

ལྔ་ནི།། དྲུག་པ་འབྲེལ་བ་སྟོན་པའི་སྒྲ།། ད་བ་ས་ཀྱི་ག་ང་གི། ན་མ་ར་ལའི་རྗེས་སུ་གྱི།། མཐར་རྟེན་མེད་དང་འ་མཐར་འི།།

རྐང་པ་སྐོང་ཚེ་ཡི་འཐོབ་བོ།། ཞེས་པས་ཨི་ལྡན་གྱི་རྣམ་དབྱེ་ཐོབ་ཐང་དང་བཅས་ཏེ་བསྟན། ནས་ལས་གཉིས་ནི་འབྱུང་

ཁུངས་ཏེ། དགར་སྡུད་ལྷག་བཅས་སྒྲ་ལ་ནས།། རྒྱུ་དང་དགར་བར་ལས་སྒྲ་འཇུག། ཅེས་པས་ནས་དང་ལས་གཉིས་རྣམ་

བྱེ་ལྔ་པ་ལ་འཇུག་པ་དང་། ཡང་དགར་བ་དང་སྡུད་པ། ལྷག་བཅས་ཀྱི་སྒྲ་ལ་ནས་འཇུག་པ་དང་། རྒྱུ་དང་དགར་བ་

ལས་སྒྲ་འཇུག་པ་ཡིན་ནོ།། ཀྱེ་དང་ཀྭ་ཡེ་ཝ་ཡེ་དང་།། མ་ཡེ་ཞེས་བྱ་འབོད་པའི་སྒྲ། །དེང་སང་ཕལ་ཆེར་བོད་པའི་ཀྱེ།

།ཀེ་ཤ་ཅན་དུ་བྱེད་པ་འཁྲུལ། །ཞེས་པས་ཀྱེ་དང་། ཀྭ་ཡེ། ཝ་ཡེ། མ་ཡེ་རྣམས་ནི་བོད་པ་གསལ་བྱེད་ཡིན་ལ། དེང་སང་

ཕལ་ཆེར་གྱིས་བོད་པའི་ཀྱེ་ལ། ཀྱེ་ཀེ་ཤ་ཅན་ཏེ་ཀྱེེ་ཞེས་འབྲི་བར་བྱེད་པ་ནི་འཁྲུལ་བ་ཡིན་ནོ།། ཞེས་བསྟན་ཡོད་དོ།།

དེ་དག་གི་དཔེ་བརྗོད་རིམ་པ་བཞིན་དུ། 

རྣམ་དབྱེ་དང་པོའི་དཔེ་བརྗོད། ཤར། ལྷོ། ནུབ། བྱང་། ས། ཆུ་། མེ། རླུང་། གཡས། གཡོན། མདུན། རྒྱབ་ཅེས་པ་ལྟ་བུའོ།།

རྣམ་དབྱེ་གཉིས་པའི་དཔེ་བརྗོད། གཡས་ཕྱོགས་སུ་འཕུར། ལྟོ་བ་རུ་མིད། ནམ་མཁར་འཕངས། ལྐོག་ཏུ་བྲོས། སྟོད་དུ་

བརྫངས། སྒོ་ན་རྩེ་ཞེས་པ་ལྟ་བུའོ།། 

རྣམ་དབྱེ་གསུམ་པའི་དཔེ་བརྗོད། བདག་གིས་བཤད། ཁྱོད་ཀྱིས་ཉོན། རིན་གྱིས་ཉོས། ལྕགས་མདས་ཕིགས། སོ་ཡིས་

བལྡད། ཅེས་པ་ལྟ་བུའོ།། 

རྣམ་དབྱེ་བཞི་པའི་དཔེ་བརྗོད། མཐོ་རིས་སུ་སྨོན་ལམ་ཐོབ། བྲོ་ཁ་རུ་སློང་མོ་བྱེད། རྟར་རྩྭ་བྱིན། ཞིང་ཐོག་ཏུ་ཆུ་འདྲེན།

རྣ་རྒྱན་དུ་དངུལ་རྡུང་། དགྲ་གསོད་ན་མཚོན་འཛིན། ལྷ་ལ་ཕྱག་འཚལ། ཞེས་པ་ལྟ་བུའོ།།

རྣམ་དབྱེ་ལྔ་པའི་དཔེ་བརྗོད། གནམ་ནས་ཆར་བབས། གངས་རི་ལས་ཆུ་བྱུང་། ཞེས་ལྟ་བུའོ།།

སུམ་ཅུ་པའི་རྩ་བར། དགར་དང་སྡུད་པའང་དེ་བཞིན་ཡིན།། ཞེས་གསུངས་པ་ལྟར། ནས་སྒྲ་དགར་སྡུད་ལྷག་བཅུ་

གསུམ་ལ་འཇུག་པའི་དཔེ་བརྗོད། ལྷའི་ནང་ནས་བརྒྱ་བྱིན་མཛེས། ཨ་མདོ་ནས་ལྷ་སའི་བར། ཕྱག་འཚལ་ནས་ཆོས་

ཉན། ཞེས་པ་ལྟ་བུའོ།

ལས་སྒྲ་རྒྱུ་དང་དགར་བ་ལ་འཇུག་པའི་དཔེ་བརྗོད། ས་བོན་ལས་མྱུ་གུ་སྐྱེ། ཁ་ཟས་ཀུན་ལས་ཤ་ཚོད་ཞིམ། ཞེས་པ་ལྟ་

བུའོ།།

རྣམ་དབྱེ་དྲུག་པའི་དཔེ་བརྗོད། སྟག་གི་སྡེར་མོ། དྲེད་ཀྱི་མཆེ་བ། སྲམ་གྱི་སྤུ། གླང་པོའི་སྣ་ཞགས། ཤ་ཡི་རྭ་ཅོ། ཞེས་པ་

ལྟ་བུའོ།།

རྣམ་དབྱེ་བདུན་པའི་དཔེ་བརྗོད། ཁྱོགས་སུ་བཞུགས། སྒོ་རུ་འདུག ནམ་མཁར་གནས། བྲག་ཕུག་ཏུ་བརྟེན། སྣོད་དུ་

བདོགགྲུ་ན་བསྒོངས། ཞེས་པ་ལྟ་བུའོ།།

རྣམ་དབྱེ་བརྒྱད་པའི་དཔེ་བརྗོད། ཀྱེ་དབྱངས་ཅན་ལྷ་མོ། ཀྭ་ཡེ་སྙིང་གྲོགས་དམ་པ། ཝ་ཡེ་ཁ་ལོ་བ། ཞེས་པ་ལྟ་བུའོ།། ལ་དོན་གྱི་ཡི་གེ་དེ་ཉིད་ལ་འཇུག་པའི་དཔེ་བརྗོད། གནས་ལུགས་སུ་གྲུབ། མི་བསླུ་བ་རུ་ངེས། རྟག་པར་གནས། ཤིན་ཏུ་

བདེན། འོད་དུ་འབར། ཞེས་པ་ལྟ་བུའོ།།

ལ་དོན་གྱི་ཡི་གེ་དུས་སམ་ཚེ་སྐབས་ལ་འཇུག་པའི་དཔེ་བརྗོད། ཉི་མ་ཤར་དུས་སུལངས། སྔ་དྲོ་རུ་སོང་། འཕྱི་མོར་སླེབས།

ཉི་མ་ནུབ་ཏུ་ཉལ། ནམ་གུང་དུ་གཉིད། སྐྱ་རེངས་ཤར་དུས་ན་སད། ཅེས་པ་ལྟ་བུའོ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།