རྒྱ་ནག་དམག་མིར་རྩིས་སྤྲོད།

14/12/2011 17:02

 

བལ་ཡུལ་གྱིས་བོད་ནས་བྲོས་བྱོལ་བ་༥རྒྱ་ནག་དམག་མིར་རྩིས་སྤྲོད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་རིགས་ཕོ་མོ་ལྔ་བལ་ཡུལ་གྱི་ཉེན་རྟོག་དམག་མིས་ལྷོ་མུ་སི་ཐང་ས་མཚམས་ཁུལ་ནས་འཛིན་བཟུང་བྱས་ནས་རྒྱ་ནག་གི་ལག་ཏུ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། ང་ཚོའི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་ཀྱིས་བལ་ཡུལ་ནས་གནས་ཚུལ་བཏང་དོན་ལ་ ཕྱི་ཟླ་ ༡༢ ཚེས་ ༨ རེས་གཟའ་ཕུར་བུའི་ཉིན་ སྐྱེས་པ་གསུམ་དང་བུད་མེད་གཉིས་ ལོ་ན་ ༣༠་ ཙམ་ནས་་༤༠་ ཡིན་བོད་རིགས་ལྔ་བོད་ནས་ལྷོ་མུ་སི་ཐང་ས་མཚམས་བརྒྱུད་ནས་བྲོས་བྱོལ་ཡོད་བཞིན་པའི་སྐབས་བལ་ཡུལ་གྱི་ས་མཚམས་ཉེན་རྟོག་དམག་མིས་བཀག་ཉར་འཛིན་བཟུང་བྱས་འདུག་། དེ་མ་ཟད་གནས་ཚུལ་དངོས་སུ་མཐོང་མཁན་མཚན་བཏོན་འདོད་མེད་མཁན་ཞིག་གིས་འགྲེལ་བརྗོད་གནང་བའི་ནང་ བལ་ཡུལ་གྱི་ཉེན་རྟོག་དམག་མིས་བཀག་ཉར་བྱས་པ་མ་ཟད་ས་མཚམས་སུ་ཡོད་པའི་རྒྱ་ནག་གི་མཐའ་མཚམས་དམག་མིར་རྩིས་སྤྲད་ཡོད་པ་རེད་འདུག་། དེ་ཡང་རྒྱ་ནག་གི་མཐའ་སྲུང་དམག་མིའི་སྣུམ་འཁོར་་བལ་ཡུལ་གྱི་ས་ཁུལ་ནང་དུ་འཛུལ་ནས་ བལ་ཡུལ་གྱི་རྩིས་སྤྲོད་བྱས་པའི་བོད་རིགས་བྲོས་བྱོལ་བ་ལྔ་པོ་ སྣུམ་འཁོར་ནང་དུ་བཅུགས་ནས་འཁྲིད་ཡོད་པ་རེད་འདུག་། རྒྱ་ནག་གི་མཐའ་སྲུང་དམག་མིར་རྩིས་སྤྲོད་བྱས་པའི་བོད་མི་རྣམས་ཀྱི་མཚན་དང་ ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག་། 

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།