ཡི་གེ་བཤད་པ

14/11/2009 10:11

                                     ༄༅།།ཡི་གེ་བཤད་པ། 

སྤྱིར་ཡི་གེའི་ངོ་བ་ནི། མིང་ཚིག་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ཡི་གེ་ཟེར། ཡི་གེའི་སྐད་དོད་ལ། ལེགས་

སྦྱར་ཡི་གེར་ཨཀྵ་ར་དང་། བྱཉྫ་ན་དང་། ཝརྞ་སྟེ་གསུམ་ཡོད་དོ།། ཨཀྵ་ར་ནི་མི་འགྱུར་བ་ཞེས་པ་སྟེ། ཨ་སོགས་དབྱངས་

དང་། ཀ་སོགས་གསལ་བྱེད་ཀྱི་གདངས་ལ་བརྡ་མི་མཐུན་པའི་སྐྱེ་བོ་སུས་ཀྱང་གསར་དུ་བསྒྱུར་པའི་དོད་ཐུབ་ཀྱི་གདངས་

ཀྱིས་མཚོན་མི་ནུས་པས་ན་དེ་སྐད་ཅེས་བྱའོ།། བྱཉྫ་ན་ནི་གསལ་བྱེད་ཅེས་པ་སྟེ། ཡི་གེ་ལ་བརྟེན་ནས་མིང་ཚིག་བརྗོད་པ་

གསལ་བར་བྱེད་པས་ན་དེ་སྐད་ཅེས་བྱ་་ཞིང་། འདིའི་གསལ་བྱེད་ཅེས་པའང་ཀ་ཕྲེང་གི་གསལ་བྱེད་གཅིག་པུར་ངོས་

འཛིན་མི་རུང་ངོ་།། ཝརྞ་ནི་རྗོད་བྱེད་ཅེས་པ་སྟེ། ཡི་གེ་ལ་བརྟེན་ནས་ཤེས་བྱ་ཡོད་དགུའི་མིང་ཚིག་གི་དོན་མཐའ་དག་

ངག་ཏུ་བརྗོད་པར་བྱེད་པས་ན་དེ་སྐད་ཅེས་བྱའོ།།  

ཡི་གེ་ལ་དབྱེ་ན། དབྱངས་དང་གསལ་བྱེད་གཉིས་ཡོད། གནས་དང་བྱེད་པའི་རྣམ་གྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་

རོ་ཙམ་ཤས་ཆེ་བ་ནི། དབྱངས་སམ་ཨཱ་ལིའི་ཡི་གེ་དང་།   གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མཆུ་སོགས་ཕྱེ་

འཛུམ་གྱི་དབང་གིས་ཅུང་ཟད་བརྗོད་བྱ་གསལ་བར་བྱེད་པའི་ཁྱད་པར་ཅན་དུ་གྱུར་པ་ནི། གསལ་བྱེད་དམ་ཀཱ་ལིའི་ཡི་

གེ་ཞེས་བྱ་ལ། ཡི་གེ་ལས་མིང་དང་། མིང་ལས་ཚིག་དང་། ཚིག་ལས་བརྗོད་པ་བྱུང་བ་ཡིན། དེ་ཡང་དོན་གྱི་ངོ་བོ་ཙམ་

སྟོན་པ་མིང་དང་། དོན་གྱི་ཁྱད་པར་སྟོན་པ་ཚིག་དང་། མིང་དང་ཚིག་འབྲེལ་བའི་ངག་གི་རྒྱུན་ལ་བརྗོད་པ་ཟེར་བ་ཡིན། 

ཡི་གེའི་རྒྱུ་གང་ལས་བྱུང་ཞེ་ན། གནས་དང་བྱེད་པ་དང་། རླུང་དང་། རྣམ་པར་རྟོག་པའམ་རྣམ་པར་ཤེས་པ་བཞི་ལས་

བྱུང་ངོ་།། གནས་ནི་གཞིའི་རྒྱུ་སྟེ། དྲིལ་བུའི་ཁོག་པ་ལྟ་བུའོ།། བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ། དྲིལ་བུའི་ལྕེ་ལྟ་

བུའོ། རྣམ་རྟོག་དང་རྣམ་ཤེས་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུ་སྟེ། དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུའོ།། རྒྱུ་དེ་

དག་ལས་ཡི་གེ་ཅི་ལྟར་བྱུང་ཞེ་ན། དང་པོར་ཡི་གེར་རྣམ་པར་རྟོག་ཅིང་ཡི་གེའི་རྣམ་པར་ཤར་བའི་རྟོག་པ་སྐྱེ་ཞིང་། དེ་སྐྱེས་པ་ན་ཡི་གེ་བརྗོད་པར་འདོད་པའི་ཀུན་སློང་སྐྱེ་ཞིང་། ཀུན་སློང་དེས་བསྐུལ་བ་ན། ནང་གི་རླུང་གཡོ་སྟེ་རླུང་དེས་

གནས་དང་བྱེད་པ་དང་རྩོལ་བ་རྣམས་བསྐྱེད་དེ་དབུགས་དབྱུང་བ་དང་ལྷན་ཅིག་ཏུ་སྒྲའི་རྣམ་འགྱུར་ཡི་གེ་སོ་སོའི་རྣམ་

པར་སྐྱེ་བར་འགྱུར་ཏེ། ཡི་གེ་ནི་སྒྲ་གཞིར་བྱས་པ་ལས་གནས་རྣམས་སུ་ལྕེ་སོགས་བྱེད་པ་ལས་བྱུང་བའི་རྣམ་འགྱུར་ཙམ་

ཡིན་པས་སོ།། དཔེར་ན། གཞི་ཤིང་གཅིག་པུར་བཟོ་བོའི་འདུ་བྱེད་ཀྱི་དབང་གིས་ཟླུམ་པོ་དང་གྲུ་བཞི་ལ་སོགས་པའི་རྣམ་

འགྱུར་སྣ་ཚོགས་འབྱུང་བ་བཞིན་དུ། གཞི་སྒྲ་གཅིག་ཉིད་ཀྱང་གནས་དང་བྱེད་པའི་ཁྱད་པར་ལས་ཡི་གེ་སྣ་ཚོགས་པར་

འགྱུར་རོ།།

གནས་ནི་བརྒྱད་དེ། ཁོག་པ་དང་། མགྲིན་པ་དང་། རྐན་དང་། ལྕེ་དང་། སྣ་དང་། སྤྱི་བོ་དང་། སོ་དང་། མཆུ་རྣམས་སོ།།

གནས་དེ་རྣམས་ཀྱང་གཉིས་སུ་འདུ་སྟེ། དོག་པའི་གནས་དང་། ཡངས་པའི་གནས་སོ།། དེ་ལ་དོག་པའི་གནས་ནི། མགྲིན་

པ་དང་། སྣ་དང་། སྤྱི་བོའི་ཀླད་པའི་སྦུབས་གསུམ་མོ།། ཡངས་པའི་གནས་ནི། ཁོག་པ་དང་། རྐན་དང་། ལྕེ་དང་། སོ་དང་།

མཆུ་ལྔའོ།། བྱེད་པ་ནི་ལྕེ་དང་རྐན་གཉིས་གཙོ་བོ་ཡིན་ཞིང་། དེ་དག་གནས་རྣམས་སུ་ཕྲད་པའི་དབང་གིས་བྱེད་པ་དྲུག་

བྱེད་དེ། ཕྲད་པ་དང་། ཅུང་ཟད་ཕྲད་པ་དང་། བཙུམ་པ་དང་། ཕྱེ་བ་དང་། དོག་པ་དང་། ཡངས་བར་བྱས་པའོ།། རྩོལ་བ་

ནི། རླུང་དང་རྣམ་རྟོག་སོགས་སོ།། གནས་དེ་དག་ལས་ཡི་གེ་འབྱུང་ཚུལ་མང་དུ་དོགས་ནས་མ་བྲིས་ལ་གཞན་དུ་ཤེས་

པར་བྱའོ།།

དེའདྲའི་ཡི་གེ་ནི། ཀ་ཁ་ག་ང། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་

ཨ་སྟེ་གསལ་བྱེད་སུམ་ཅུ། ཨི་ཨུ་ཨེ་ཨོ་སྟེ་དབྱངས་བཞི་བཅས་དབྱངས་གསལ་སོ་བཞི་བཅས་ལ་དབྱངས་གསལ་གྱི་ཡི་གེ་

དང་། བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེ་བར་འགྱུར་བས་

བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་པ། དཔེར་ན། སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་སྲོག་དང་མི་

ལྡན་ན་དེ་ལྟར་མི་ནུས་པ་ལྟ་བུ་ཡིན་པས། ཚེག་ལ་སྲོག་གི་ཡི་གེ་ཟེར དབུ་དང་ཤད་ཀྱིས་རྐྱེན་བྱས་ཏེ་གཞུང་ཡིག་རྣམས་

བྲི་དགོས་པས་དེ་གཉིས་ལ་རྐྱེན་གྱི་ཡི་གེ་ཟེར། དེ་ཡང་། ༄༅།།འདི་ལ་དང་ཀྱོག་གམ་བེརྒ་དང་དབུ་ཁྱུད་ཀྱང་ཟེར། ཤད་

ནི། འདི་ལ་ཕུར་ཤད། ༑༑འདི་ལ་རིན་ཆེན་སྤུས་ཤད། །།།།འདི་ལ་བཞི་ཤད་ཟེར་བ་ཡིན། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་སྟེ་ཡ་

བཏགས་བདུན་དང་། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་སྟེ་ར་བཏགས་བཅུ་གཅིག་དང་། ཀླ་གླ་བླ་ཟླ་རླ་སླ་སྟེ་ལ་

བཏགས་དྲུག་དང་། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་སྟེ་ཝ་བཏགས་བཅུ་གཉིས་བཅས་ལ་འདོགས་ཅན་གྱི་ཡི་

གེ་ཟེར། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་སྟེ་ར་མགོ་ཅན་བཅུ་གཉིས་དང་། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་སྟེ་

ལ་མགོ་ཅན་བཅུ་དང་། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སྟེ་ས་མགོ་ཅན་བཅུ་གཅིག་བཅས་ལ་མགོ་ཅན་གྱི་ཡི་གེ་

ཟེར།  ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་ལ་རྗེས་འཇུག་ཡི་གེ་བཅུ་ཟེར།  རྗེས་འཇུག་བཅུ་ལས་ག་ད་བ་མ་འ་སྟེ་

ལྔ་ནི། རང་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེའི་སྔོན་དུའང་འཇུག་པས་སྔོན་འཇུག་ལྔ་ཟེར།  རྗེས་འཇུག་བཅུ་

ལས་ད་ས་གཉིས་ནི། རྗེས་འཇུག་གི་ཡང་རྗེས་སུ་འཇུག་པས་ཡང་འཇུག་གཉིས་ཟེར། དེ་ཡང་། ས་ཡི་ནི་ག་ང་བ་མ་

བཞི་རྗེས་སུ་འཇུག་པ་དང་། ད་ཡིག་ནི་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་གོ། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།