ཟས་བཅད་ངོ་རྒོལ་གནང་སྟེ་ཟླ་བ་གཅིག་ཧྲིལ་བོ་འཁོར།

22/03/2012 13:05

 

ཟས་བཅད་ངོ་རྒོལ་གནང་སྟེ་ཟླ་བ་གཅིག་ཧྲིལ་བོ་འཁོར།

དེ་རིང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་ཟས་བཅད་ངོ་རྒོལ་གནང་བཞིན་པ་དག་ལ། ཁྱོན་ཆུ་ཆོད་ ༧༢༠ ཙམ་ཕྱིན་ཏེ་ཟླ་བ་གཅིག་ཧྲིལ་བོ་འཁོར་གྱི་ཡོད་ཀྱང་། རྒྱལ་ཚོགས་ཀྱིས་ད་དུང་ཁ་གསལ་གྱི་བརྡ་ལན་གང་ཡང་སྤྲད་མི་འདུག

ཕྱི་ཟླ་  ཚེས་ ༢༢ ཉིན་ཏེ་བོད་ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན། བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས། ཨ་རིར་གནས་སྡོད་རྡོ་རྗེ་རྒྱལ་པོ་ལགས་གསུམ་གྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ། དགོས་འདུན་དོན་ཚན་  ཡི་འོག་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། དེ་རིང་ཕྱི་ཚེས་༢༢ ཉིན་བར་ཁྱོན་བསྡོམས་ཆུ་ཚོད་ ༧༢༠ ཕྱིན་ཏེ། ཏག་ཏག་ཟླ་བ་གཅིག་འཁོར་བཞིན་ཡོད་པ་དང་། ཉིན་འགའི་གོང་ནས་རང་ལོ་ ༥༩ ཡིན་པའི་རྡོ་རྗེ་རྒྱལ་པོ་ལགས་ཀྱི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་དང་།ཕྱི་ཚེས་ ༢༦ ཉིན་གྲོད་ཁོག་ནང་ཟུག་གཟེར་ཆེན་པོ་བརྒྱབ་སྟེ་ཛ་དྲག་གི་གནས་སྟངས་ཆགས་སྐབས། ས་གནས་སྨན་པ་ཚོས་ཁོང་གིས་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པར་ཞུས་འདུག་ཀྱང་། རྡོ་རྗེ་རྒྱལ་པོ་ལགས་ཀྱིས་རྒྱལ་ཚོགས་ཀྱིས་དགོས་འདུན་ཁག་ལ་བརྡ་ལན་མ་སྤྲད་བར་ལས་འགུལ་མཚམས་འཇོག་རྒྱུ་མིན་ཚུལ་བརྗོད་སྟབས། ཕྱི་ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་འབྱོར་ཏེ། རྡོ་རྗེ་རྒྱལ་པོ་ལགས་རླངས་འཁོར་བཅུག་སྟེ་སྨན་ཁང་དུ་འཁྲིད་ཡོད་འདུག 
 

དེ་རིང་ཕྱི་ཚེས་ ༢༢ ཉིན་གསར་འགོད་པས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཟས་བཅད་ངོ་རྒོལ་བ་གསུམ་གྱི་གནས་སྟངས་དང་རྒྱལ་ཚོགས་ཀྱི་བརྡ་ལན་ཡོད་མེད་བཀའ་འདྲི་ཞུས་དོན་ལྟར་ན། ཟས་བཅད་ངོ་རྒོལ་བ་གསུམ་གྱི་ཆོད་སྔར་བཞིན་བརྟན་པོ་ཡིན་ཡང་། ཚེས་ ༢༦ ཉིན་ནེའུ་ཡོག་ཉེན་རྟོག་པ་ཚོས་རྡོ་རྗེ་རྒྱལ་པོ་ལགས་སྨན་ཁང་ལ་བཙན་ཁྲིད་བྱས་ཡོད་པ་དང་། སྐབས་དེར་བོད་མི་ ༥༠ ཙམ་གྱིས་ཉེན་རྟོག་པའི་རླངས་འཁོར་མདུན་བཀག་པ་དང་ ཁ་ཤས་རླངས་འཁོར་འཁོར་ལོའི་འོག་ཉལ་ཏེ་ “ ང་ཚོའི་མི་མ་ཁྲིད་རོགས། ང་ཚོས་རྒྱལ་ཚོགས་ཀྱི་བརྡ་ལན་ལ་སྒུག་ཡོད་ ” ཅེས་ངུ་འབོད་བྱེད་བཞིན་ཞུ་བ་འཐེན་ཡོད་ཀྱང་ཕན་འབྲས་མེད་ཆགས་ཡོད་འདུག ད་ལྟ་རྡོ་རྗེ་རྒྱལ་པོར་ནེའུ་ཡོག་སྨན་ཁང་ཞིག་ཏུ་གཞོན་ནུའི་དང་བླང་རུ་ཁག་གི་ལྟ་རྟོག་འོག་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་ ཁོང་གི་ཆོད་སེམས་ལ་སྔར་བཞིན་འགྱུར་བ་མེད་པར་སྨན་ཁང་ནང་མུ་མཐུད་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམ་པའི་གནས་སྟངས་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་ཁ་གསལ་གྱི་བརྡ་ལན་གང་ཡང་ད་སྔ་འབྱོར་ཡོད་མི་འདུག 
 

ཕྱི་ཚེས་ ༢༡ ཉིན་ཤིང་བཟའ་རིན་པོ་མཆོག་གིས་ཟས་བཅད་ངོ་རྒོལ་ལས་འགུལ་ཐད་གསུངས་དོན། མཚམས་རེར་བསམ་བློ་བཏང་ན་མིའི་ཚེ་སྲོག་ཟེར་བ་འདི་ཧ་ཅང་མཁྲེགས་པོ་ཞིག་རེད་བསམ་སྟེ་ཅུང་ཧང་སངས་ཀྱི་འདུག ཉིན་ཤས་གོང་ནས་བྲང་ཁོག་ཏུ་ཟ་འཁྲུག་རྒྱག་པ་དང་ གཉིད་ཁུག་མ་ཐུབ་པ། ཞེ་མེར་ལངས་པ་སོགས་ཡོང་གི་འདུག ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཆགས་ཡོད་དུས། ལས་སླ་པོ་ཡོད་པ་མ་རེད། འོན་ཀྱང་ ང་ཚོས་ག་དུས་ཡིན་རུང་ཡོང་གི་མ་རེད་ལབ་སྟེ་དཔའ་ཞུམ་ནས་བསྡད་ན། ལོ་བརྒྱ་ཕྲག་མང་པོར་ང་ཚོ་མ་ཡོང་བའི་ཐོག་ནས་ལྷག་རྒྱུ་ཡིན་པ་ཐག་ཆོད་རེད། རྒྱ་གར་གྱིས་ལོ་ ༢༠༠ རིང་ཡོང་གི་མ་རེད་ལབ་སྟེ་འཐབ་རྩོད་མ་བྱས་པས་མ་ཡོང་བ་རེད། གྷན་ངྷི་བསླེབས་པའི་སྐབས་འཐབ་རྩོད་ཀྱི་མགོ་བརྩམས་ཏེ་ལོ་ ༦༠ ནང་རྒྱ་གར་ལ་རང་བཙན་རག་པ་རེད། སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ཆེན་པོ་རེད། ཁོང་བོད་དུ་ཕེབས་རྒྱུར་ང་ཚོས་བློས་གཏོང་ཆེན་པོ་ཞིག་གནང་དགོས་པ་རེད། ད་བར་རྒྱལ་གཅེས་དཔའ་པོ་དཔའ་མོ་མང་པོ་ཞིག་གིས་བློས་གཏོང་བྱས་པ་དེ། བཙན་བྱོལ་ནང་སྡོད་མཁན་ཚོས་འཕྲོ་བརླག་ཏུ་མ་སོང་བ་ཞིག་གནང་དགོས་པ་རེད་ ” ཅེས་གསུངས་ཡོད།   

ཡེ་ཤེས་བསྟན་འཛིན་ལགས་ཀྱིས་ལས་འགུལ་འདིའི་ཐད་ལ་བརྗོད་དོན། “ ད་ལྟའི་ཆར་ཡར་མར་ལ་འགྲོ་སྐབས་གཟུགས་པོ་ན་བ་དང་མཚམས་རེར་ཞེ་མེར་ལངས་པ། མགོ་ན་བ་སོགས་ཡོང་གི་འདུག ཡིན་ནའང་ དེ་ཚོ་དཀའ་ངལ་ཆེན་པོ་མ་རེད། ལས་འགུལ་འདི་བོད་མི་རིགས་ཀྱི་ཆེད་ཡིན་སྟབས། ང་རང་གི་ནང་མི་དང་གྲོགས་པོ་ཚོས་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་ ” ཅེས་བརྗོད་ཡོད། རྡོ་རྗེ་རྒྱལ་པོ་ལགས་ཀྱིས་ཀྱང་ “རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོ་རྩ་མེད་བཟོ་ཐུབ་ཀྱང་ ཕྱི་ལོགས་སུ་སྡོད་མཁན་བོད་མི་ཚོ་ནམ་ཡང་རྩ་མེད་བཟོ་ཐུབ་ཀྱི་མ་རེད། ” ཅེས་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།