ཞི་བདེ་ཆེད་དུ་ཡིན་ཟེར

14/12/2009 10:34

དམག་འཁྲུག་ནི་ཞི་བདེ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཟེར

བང་ཆེན།

སྙན་གྲགས་ཆེ་བའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དེ། འཛམ་གླིང་ནང་ཞི་བདེ་དང་རང་དབང་། མང་གཙོའི་

ཆེད་དུ་སྐུ་ལས་སྐྱོན་མཁན་རྣམས་ལ་ཕུལ་སྲོལ་ཡོད་པ་དང། ལོ་འདིའི་ཞི་བདེའི་གཟེངས་རྟགས་ཨ་རིའི་སྲིད་འཛིན་

ཨོ་བྷ་མ་མཆོག་ལ་ཕུལ་ཡོད་པས། མི་མང་པོ་ཞིག་གིས་དཀྱིལ་ཤར་དང་ཨབ་གྷ་ནི་སི་ཐན་སོགས་ནས། ཨ་རིའི་དམག་

དཔུང་ཕྱིར་འཐེན་བྱས་ཚར་རྗེས་སྤྲད་ན་མ་སྔར་མ་འཕྱི་པ་རེད་ཟེར་མཁན་མང་པོ་བྱུང་ཡོད་པ་རེད། ཡིན་ནའང་ཟླ་

འདིའི་ཚེས་༡༠ ཉིན་སྲིད་འཛིན་མཆོག་གིས་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་ཏུ། དམག་འཁྲུག་ནི་ཞི་བདེ་སྲུང་

སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་གསུང་བཤད་གནང་ཡོད་པ་རེད། ཟླ་འདིའི་ཚེས་༡༡ ཉིན་བྷི་བྷི་སིའི་གསར་ཁང་ནས། སྲིད་

འཛིན་ཨོ་བྷ་མས་ཚེས་༡༠ ཉིན་ནོར་ཝེའི་གྲོང་ཁྱེར་ཨོ་སི་ལོའི་ནང། གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་གསུང་

བཤད་ལ་དཔྱད་གླེང་བྱས་པ་ལྟར་ན། སྲིད་འཛིན་ཨོ་བྷ་མས་གཟེངས་རྟགས་བཞེས་ལ་ཉེ་བའི་སྐབས། ཨབ་གྷ་ནི་སི་

ཐན་དུ་ཨ་རིའི་དམག་དཔུང་གྲངས་༣༠༠༠༠ ཕར་སྣོན་བྱས་ཡོད་པ་དང་།

དེ་བཞིན་ཨི་རག་ཏུ་འབར་རྫས་གས་འཐོར་གྱི་རྐྱེན་ཀྱིས་ཨ་རིའི་དམག་དཔུང་གིས་སྟངས་འཛིན་ཤུགས་ཆེ་རུ་བྱེད་

དགོས་པ་སོགས་བྱུང་ཡོད་པས། གཟེངས་རྟགས་སྐབས་ཀྱི་གསུང་བཤད་ནང་མང་བ་དམག་འཁྲུག་སྐོར་དམིགས་སུ་

བཀར་ནས་གསུང་དགོས་བྱུང་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད། དེ་ཡང་སྲིད་འཛིན་ཁོང་གིས།འཚེ་མེད་ཞི་བའི་

མདུན་སྐྱོད་ཀྱིས་འཇར་མིན་གྱི་དམག་དཔོན་ཧི་ཊི་ལར་གྱི་དམག་དཔུང་བཀག་ཐུབ་ཡོད་མ་རེད་ལ། ཞི་བའི་གྲོས་

མོལ་གྱིས་ཨལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པའི་དཔོན་རིགས་ཚོའི་གོ་མཚོན་ས་ལ་འཇོག་ཐུབ་ཀྱི་མ་རེད།

ཨ་རི་གཞུང་གི་ངོས་ནས་དམག་དཔུང་གཏོང་བཞིན་པའི་ལུང་པ་དེ་དག་ནང་། མཐར་ཐུག་གི་དམིགས་ཡུལ་འགྲུབ་

དགོས་པ་དེ་ཞི་བདེ་ཡིན་ཞེས་དང་། ཡང་ཁོང་གིས།འབྱུང་འགྱུར་དམག་འཁྲུག་ཡོང་གི་རེད་ལ་ཞི་བདེ་ལ་འབད་

བརྩོན་དེའང་གནས་དགོས་པ་རེད་ཅེས་གསུང་ཡོད་པ་རེད། དེ་བཞིན་དེང་སྐབས་འགྲོ་བཞིན་པའི་ཨི་རན་དང་

བྱང་ཀོ་རི་ཡ་སོགས་ཀྱི་རྡུལ་ཕྲན་མཚོན་ཆའི་རྙོག་གླེང་དང་། འབར་མའི་ཆབ་སྲིད་བཙོན་པ་ལྕམ་ཨང་སུན་སུ་ཅེ་

སོགས་ཀྱི་སྐོར་གསུངས་ཡོད་པ་རེད། མཛད་སྒོའི་ཉིན་མོར་སྲིད་འཛིན་ཨོ་བྷ་མར་ངོ་རྒོལ་བྱེད་མཁན་མང་པོ་འཛོམས་

ཡོད་པ་དང་། ངོ་རྒོལ་བ་ཚོས། ང་ཚོས་སྲིད་འཛིན་ཨོ་བྷ་མར་ངོ་རྒོལ་བྱེད་ཀྱི་ཡོད། ཁོང་ནི་ཞི་བདེ་ལ་དགའ་མཁན་

གྱི་མི་མ་རེད་ཅེས་སྐད་འབོད་བྱས་ཡོད་པ་རེད། ངོ་རྒོལ་བ་དེ་དག་ནི་མང་ཆེ་བ་ཨ་རིས་དཀྱིལ་ཤར་སོགས་སུ་དམག་

ཕོན་ཆེན་གཏོང་བཞིན་པར་ངོ་རྒོལ་བྱེད་མཁན་ཆགས་ཡོད་འདུག སྤྱིར་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་ཉིན་

༣ བསྡད་ནས། ཡུལ་དེའི་རྒྱལ་པོ་ལྷན་དུ་སྲོལ་རྒྱུན་གྱི་དགོང་ཟས་མཆོད་སྲོལ་ཡོད་འདུག ཡིན་ནའང་སྲིད་འཛིན་

མཆོག་ཉིན་༡ ལས་བསྡད་མེད་པ་དང་དགོང་ཟས་ཡང་མཆོད་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་ནོ་

སྦེལ་གྱི་རྩོམ་རིགས་དང་། སྨན་རིགས། དཔལ་འབྱོར། དངོས་ཁམས། རྫས་འགྱུར་སོགས་ཀྱི་གཟེངས་རྟགས་ཀྱི་མཛད་

སྒོ་དེ། སི་ཝི་ཌེ་ཤིའི་གྲོང་ཁྱེར་སི་ཊོག་ཧོམ་ནང་འཚོགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།