ཛ་དྲག་གི་བརྡ་ཐོ།

08/02/2012 10:27

 

 
བོད་ནང་ལས་བྱེད་པར་དམིགས་པའི་ཛ་དྲག་གི་བརྡ་ཐོ།

བོད་ནང་བརྟན་ལྷིང་སྲུང་སྐྱོང་གི་གནད་དོན་ཐོག་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་སོ་སོའི་ལས་འགན་ཚུལ་བཞིན་དུ་མ་ཁུར་བ་ཡིན་ན་ལས་གནས་ལམ་སེང་གནས་དབྱུང་གཏོང་རྒྱུ་ཡིན་པའི་སྐོར་རྒྱ་ནག་གིས་ཉེན་བརྡ་ཚབས་ཆེ་བཏང་བའི་གནས་ཚུལ་ཐོན་འདུག་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་ཁྱབ་སྤེལ་བྱས་པའི་ནང་ ཉེ་དུས་ བོད་རང་སྐྱོང་རྗོངས་ཟེར་བའི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་འབྲེལ་ཡོད་ཚན་པ་ཁག་གིས་ཛ་དྲག་གི་བརྡ་ཁྱབ་ཞིག་གི་ནང་ དཔྱིད་གསར་དུས་ཆེན་དང་ བོད་ཀྱི་ལོ་གསར་ཟླ་བ་གསུམ་པའི་སྐབས་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་འགན་འཁྲི་ཁུར་ལེན་བྱེད་དགོས་པ་དང་ གལ་ཏེ་འགལ་འཛོལ་ཕྱིན་པ་དང་ ས་གནས་གུང་བྲན་ཚོགས་པའི་གཏན་འབེབས་དང་རེ་བ་བྱས་པ་ལ་མི་ལྟོས་པར་བཀའ་ལ་བརྩི་མེད་འགལ་འཛོལ་གྱི་གནད་དོན་ལྷག་པ་དང་ ལྷག་དོན་དུ་འགག་རྩའི་དུས་སྐབས་སུ་ལས་འགན་འཁུར་ལེན་བྱེད་མི་ཐུབ་པ་དང་ འཐབ་པར་འགྲོ་ཁར་ཕྱིར་བཤིག་རྒྱབ་དང་ འགན་ཕར་གཡུགས་ཚུར་གཡུགས་བྱས་པ་ཡིན་ན་ གནས་རིམ་མཐོ་དམན་གང་ཞིག་ཡིན་པ་ ཚང་མ་ལམ་སེང་གནས་དབྱུང་གཏོང་རྒྱུ་དང་སྒྲིག་ཁྲིམས་ཀྱི་ཉེས་ཆད་འགེལ་རྒྱུ་ ལྷག་པར་དུ་ཚབས་ཆེ་བ་ཡིན་ན་ སྲིད་ཁྲིམས་ལས་ཁུངས་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པའི་བརྗོད་བྱ་བཀོད་ནས་ཉེན་བརྡ་ཚབས་ཆེ་བཏང་འདུག་། རྒྱ་ནག་གི་ས་གནས་ཀྱི་ཉེན་བརྡ་དེ་ཉིད་ནས་ཉེ་སྔོན་ལས་བྱེད་པས་སྒྲིག་གཞི་འགལ་འཛོལ་གྱི་དོན་རྐྱེན་གཉིས་བྱུང་ཡོད་པའི་སྐོར་ཀྱང་བཀོད་ཡོད་ཅིང་། བོད་ནས་གནས་ཚུལ་འབྱོར་བའི་ནང་ རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་མི་རྣམས་ཀྱི་ཐོག་དམིགས་བསལ་ཀྱི་དམ་བསྒྲགས་དང་ ཉེན་རྟོག་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་ བོད་ཀྱི་མདོ་ཁམས་ས་ཁུལ་ནས་ཡིན་པའི་བོད་རིགས་རྣམས་ལ་ཞིབ་བཤེར་དང་ མང་པོ་སོ་སོའི་ཕ་ཡུལ་ལ་བཙན་དབང་གི་ཐོག་ནས་ཕྱིར་སློག་ཏུ་བཏང་བའི་གནས་ཚུལ་ཐོན་བཞིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎ 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།