ཚོགས་ཆེན་གཏན་འཁེལ།

25/03/2012 12:24

 

དམིགས་བསལ་ཚོགས་ཆེན་ཚོགས་རྒྱུ་གཏན་འཁེལ་ཡོད་ཟེར།

དེ་རིང་ཉིན་གུང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་བསྒྲིལ་ཏེ། བཀའ་ཁྲི་མཆོག་གིས་བོད་རྒྱལ་ཡོངས་དམིགས་བསལ་ཆོགས་ཆེན་ཚོགས་རྒྱུ་ཡིན་པའི་གསལ་བཤད་གནང་སོང་ལ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྟེ་སྤྱི་འཐུས་ཚོས་ས་གནས་ཁག་ཏུ་གཞུང་དངུལ་གྱི་གནས་བབ་གསལ་བོ་བཟོ་དགོས་ཚུལ་ལམ་སྟོན་གནང་སོང་

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡ སྟེང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་སྒྲིལ་ཡོད་ཅིང་། སྔ་དྲོར་ཁྲིམས་བཟོའི་ལས་དོན་དང་དཔལ་འབྱོར་ལས་དོན་གྲུབ་རྗེས། གྲོས་ཚོགས་ཀྱི་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོན་ཚན་ ༨ ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་པ་དེར་ཟུར་སྣོན་གྲོས་ཆོད་བཞག་པ་དང་། དེའི་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་གནང་སྟེ་སྤྱི་མོས་ཐོག་གཏན་འབེབས་གནང་རྗེས། བཀའ་ཁྲི་མཆོག་གིས་གསལ་བཤད་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སོང་

གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ཟུར་སྣོན་གྲོས་ཆོད་དོན་ཚན་བརྒྱད་ནི། དང་པོ། གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་ཀྱིས་༸གོང་ས་མཆོག་བོད་ནང་གདན་འདྲེན་དང་། མི་རིགས་དང་སྐད་ཡིག་ལ་རང་དབང་དགོས་པའི་འབོད་ཚིག་འོག་རང་ལུས་མེར་བསྲེགས་བཏང་བ་རྣམ་དང་འཛིན་བཟུང་དོ་དམ་འོག་ཡོད་པ་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་དང་། རྒྱ་གཞུང་གིས་ལས་འགུལ་བར་དྲག་གནོན་བྱས་པར་སྐྱོན་བརྗོད་བྱ་རྒྱུ། གཉིས་པ།  ཕྱི་ཟླ་ ༣ པའི་ཚེས་༡༤ ཉིན་གཏན་འབེབས་གནང་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ཁག་ལ་མཇུག་གནོན་བྱ་རྒྱུ། གསུམ་པ། བཀའ་སྤྱི་གཉིས་ཀྱིས་རང་ལུས་མེར་བསྲེགས་གཙོས་ཛ་དྲག་གི་གནས་སྟངས་ཞིབ་འགོད་ཀྱིས་ཚེ་སྲོག་སྐྱོབ་ཐབས་དང་དགོས་འདུན་འགྲུབ་ཐབས། བོད་ནང་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་སྐུ་ཚབ་ཚོགས་པ་འཕྲལ་མར་གཏོང་རྒྱུརམཉམ་འབྲེལ་རྒྱལ་ཚོགས་ལ་གྲོས་ཚོགས་འདིའི་ཐོག་སྙན་ཞུ་འབུལ་རྒྱུ། བཞི་པ། གཞོན་ལྷན་གྱིས་གོ་སྒྲིག་འོག་བོད་མི་གསུམ་གྱིས་རྒྱལ་ཚོགས་མདུན་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༣༠ འགོར་མཚམས་རྒྱལ་ཚོགས་ཀྱིས་ཡིག་ཐོག་ནས་ངོས་ལེན་གནང་བ་དེ་ལག་བསྟར་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ལྔ་པ། རྒྱལ་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་སྣང་འཇོག་གནང་གི་མེད་པའི་གནས་སྟངས་ལ་བོད་མི་ཚོ་བློ་ཕམ་དང་དཔུང་རོགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ། དྲུག་པ། རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་དཔོན་རིགས་ཚོ་ནི། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཡིག་ཆའི་དགོངས་དོན་ལ་བརྩི་བཀུར་ཉམས་ལེན་མི་བྱེད་མཁན་ལ་ངོས་འཛིན་གནང་རྒྱུ། བདུན་པ། བོད་ནང་སློབ་ཕྲུག་ཚོས་བོད་སྐད་ཡིག་ཆེད་རང་སྲོག་བློས་གཏོང་གནང་བཞིན་པར་བསྔགས་བརྗོད་དང་། རྒྱ་གཞུང་གིས་སློབ་དེབ་རྒྱ་བསྒྱུར་གྱི་སྲིད་བྱུས་མཚམས་འཇོག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་མི་རིགས་ཀྱི་སྐད་ཡིག་ལ་རང་དབང་ཆ་ཚང་སྤྲོད་དགོས་པར་བརྩི་བཀུར་བྱ་རྒྱུ། བརྒྱད་པ།བཀའ་སྤྱི་གཉིས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་རྒྱལ་སྤྱིའི་ལས་འགུལ་སྤེལ་ཕྱོགས་ཀྱི་གསར་འགོད་ལྷན་ཚོགས་སམ། གསར་འགོད་གསལ་བསྒྲགས་དུས་ནས་དུས་སུ་སྤེལ་རྒྱུ་བཅས་རེད།

 

སྐབས་དེར་བཀའ་ཁྲི་མཆོག་གིས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་ཟུར་སྣོན་གྲོས་ཆོད་གཉིས་ཀར་བཀའ་ཤག་གི་ངོས་ནས་རྒྱབ་སྐྱོར་ཡོད་པ་དང་། དམིགས་བསལ་ཟུར་སྣོན་གྲོས་ཆོད་ཀྱི་དོན་ཚན་ ༨ པ་ནི་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ཡིན་པའི་ཆ་ནས། བོད་ནང་གི་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་རྒྱུ་ཡིན་པར་ངོས་འཛིན་དང་རྒྱལ་སྤྱིའི་སྡིངས་ཆ་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་ཡོང་གི་མེད་པའི་རྒྱུ་རྐྱེན། མ་འོངས་པར་གནད་དོན་ག་འདྲ་ཆགས་མིན། རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་ནང་དཔོན་རིགས་ཚོས་དབང་ཆ་འཐབ་རྩོད་ཀྱིས་སྤྱི་ཚོགས་ནང་འགྱུར་བ་གང་འདྲ་ཐེབས་སྲིད་མིན། རྒྱ་གར་གཙོས་ཨེ་ཤ་ཡའི་ནང་འབྱུང་འགྱུར་བོད་དོན་དང་འབྲེལ་བའི་གནས་སྟངས་གང་འདྲ་ཆགས་མིན། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ག་རེ་བསྒྲུབ་དགོས་ཀྱི་ཡོད་མེད་བཅས་ཀྱི་ཐོག་གསུང་བཤད་གནང་སོང་ལ། དེ་བཞིན་མ་འོངས་པའི་བཀའ་ཤག་གི་ལས་དོན་གྱི་ཐད་ནས་ཁོང་གིས། “ ད་རེབ་ང་ཚོར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་སྔ་ཕྱིའི་ཐོག་ཕྱག་ལས་མང་པོ་ཞིག་གནང་རྒྱུ་ལྷག་ཡོད་སྟབས། རིམ་པས་བཀའ་སྤྱི་གཉིས་ཐུན་མོང་ཐོག་ལག་ལེན་བསྟར་དགོས་པ་རེད། བཀའ་ཤག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཡར་རྒྱས་བཏང་ཡོད། ད་ལྟའི་བར་ཟླ་རེར་མི་ས་ཡ་ ༦ ལྷག་གི་བལྟ་བཞིན་ཡོད་ལ། གནས་ཚུལ་ཡང་ཁུངས་ལྡན་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་ཡང་ཁུངས་ལྡན་ཡོང་བའི་ཐད་ལ་འབད་བརྩོན་བྱེད་ཀྱི་ཡིན། དེ་བཞིན། མཚམས་རེར་ང་ཚོའི་གནས་ཚུལ་རྣམས་རྒྱ་གར་དང་ཕྱི་ཕྱོགས་ཀྱི་ཚགས་པར་ཁག་གི་སྟེང་དུ་ཡོང་གི་ཡོད་པ་རེད། གནས་ཚུལ་མེད་པའི་སྐབས་སུ་ང་ཚོས་རྩོམ་འབྲི་རྒྱུ་མགོ་འཛུགས་དགོས་པ་རེད། ང་རང་ངོས་ནས་ཕྱི་ཕྱོགས་ཀྱི་ཚགས་པར་ཁག་ཏུ་རྩོམ་ཡིག་བྲིས་པ་ཡིན། ལས་འགུལ་སྤེལ་བ་དང་རྩོམ་ཡིག་བྲིས་པ་གཉིས་ཁྱབ་བསྒྲགས་ཀྱི་ཐོག་ནས་གཅིག་པ་ཆགས་ཀྱི་འདུག བཀའ་ཤག་གི་ངོས་ནས་ཁྱབ་བསྒྲགས་ཀྱི་ལས་གཞི་ཁག་བཅུ་གྲངས་ཤིག་ལས་འཆར་ཡོད། དེ་རིམ་གྱིས་ཡོང་གི་རེད། ད་ལྟའི་ཆར་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་གྲོས་བསྡུར་གྱིས་ཐག་གཅོད་བྱུང་ཡོད་པ་ནི། དམིགས་བསལ་ཚོགས་ཆེན་ཚོགས་རྒྱུའི་གཏན་འཁེལ་བྱུང་བ་དེ་ཡིན། ག་དུས་ཚོགས་མིན་དང་གང་འདྲ་བྱས་ཏེ་ཚོགས་མིན་སུ་གདན་འདྲེན་བྱ་དགོས་མིན་འགྲོ་སྟངས་འགྲོ་ལུགས་ལྟར་གསལ་བསྒྲགས་གནང་གི་རེད”ཅེས་གསུངས་བྱུང་

 

མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གཏམ་བཤད་ནང་།  ཐེངས་འདིའི་གྲོས་ཚོགས་ཚོགས་བཞིན་པའི་སྐབས་སུ་བོད་ནང་ཛ་དྲག་གནས་སྟངས་ཆགས་པའི་དབང་གིས། སྔར་དང་མི་འདྲ་བའི་རྗེས་དྲན་གྲོས་འཆར་མང་པོ་བྱུང་ཡོད་ལ། ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ནས་ཞོགས་པའི་ཆུ་ཚོད་ ༩།༣༠ ཀ་ནས་དགོང་དྲོའི་ཆུ་ཚོད་ ༩།༠༠ བར་བགྲོ་གླེང་དང་། བར་དུ་ཚོགས་འདུ་མཚམས་འཇོག་གི་གྲོས་འཆར་ཐོག་ཡང་བསྐྱར་བགྲོ་གླེང་གནང་ཡོད། དེ་བཞིན། ད་རེབ་འཆར་ཅན་གྱི་ལས་རིམ་ཁག་ཕར་བཞག་ཏེ། མཇུག་བསྡོམས་སྐབས་སུ་ཡང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཟུར་སྣོན་གྲོས་ཆོད་བཞག་པ་ལྟར། གྲོས་ཚོགས་གྲོལ་རྗེས་ལས་དོན་ག་རེ་ཡོང་མིན་དེ་གནད་དོན་ཞིག་ཆགས་ཡོད་སྟབས། གྲོས་ཚོགས་ནང་བཀའ་མོལ་གནང་བ་ལྟར། ལས་འགུལ་སྤེལ་བའི་སྐབས་སུ་སྤྱི་འཐུས་ཚང་མ་མཉམ་ཞུགས་གནང་རྒྱུའི་རེ་བ་དང་། ཚོགས་ཆུང་དུ་བསྐོས་པ་ཡིན་ནའང་འདུག་ཐུབ་པ་ཞིག་དང་རྒྱུག་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་གསུངས་ཡོད།

ཐེངས་འདིའི་སྔོན་རྩིས་ལས་རིམ་ཐད་ཁོང་གིས། “ སྔོན་རྩིས་བགྲོ་གླེང་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རེ་རེས་ལས་ཁུངས་དང་འབྲེལ་བའི་ལས་དོན་མང་པོ་ཞིག་གྲོས་ཚོགས་བརྒྱུད་གསལ་བོ་བཟོ་ཐུབ་ཡོད། དེ་དག་ས་གནས་སོ་སོར་བརྒྱུད་སྤྲོད་ཐུབ་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་རྩིས་ཀྱི་ཐད་དཔལ་འབྱོར་བཀའ་བློན་གྱི་ཕྱག་དེབ་དང་འབྲེལ་བའི་ཐོག་ནས་སྤྱི་འཐུས་རྣམ་པས་སོ་སོའི་ས་གནས་ལ་ལས་འཆར་གང་ཡོད་མེད་རྟོགས་ཐུབ་པར་བྱས་ཏེ། ས་གནས་སུ་ཕེབས་སྐབས་དངུལ་གྱི་སྟངས་འཛིན་ཐོག་ནུས་པ་དེ་ཙམ་མེད་ཀྱང་། ལས་དོན་མཇུག་སྐྱོང་ཚད་དང་ལྡན་པ་ཞིག་ཡོང་བའི་ནུས་པ་འདོན་དགོས་པ་རེད།  ད་རེབ་ཧིན་སྒོར་ས་ཡ་  ༡༠༤ ཡི་བཀའ་འཁྲོལ་སྤྲད་ཡོད་པ་རེད། དངུལ་ལྷག་མའི་མ་དངུལ་དང་སྔོན་རྩིས་མ་དངུལ་གྱི་གནས་སྟངས་གང་འདྲ་ཆགས་མིན། ལས་ཁུངས་རེ་རེའི་ཟུར་བཀོད་ལྷག་མ། སྤར་ཆག་གི་གནས་སྟངས་གང་འདྲ་ཆགས་མིན་བཅས་དེབ་དེ་བརྒྱུད་དེ་ཤེས་ཐུབ་པ་ཞིག་ཡིན་སྟབས། མང་ཚོགས་ལ་བོད་མིའི་སྒྲིགས་འཛུགས་ཀྱི་དཔལ་འབྱོར་གནས་བབ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་བྱུང་

 

ཡང་ཁྲིམས་བཟོའི་ལས་དོན་ཐོག་ཁོང་གིས། “ ཁྲིམས་བཟོའི་ལས་དོན་གྱི་ཐད་ནས་བཅའ་ཁྲིམས་བསྐྱར་བཅོས་གཅིག་འགྲོ་ཐུབ་མེད་ལ། གཅིག་མར་ཟགས་པ་རེད། དེ་མ་ཡིན་པའི་བཅའ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་ཀྱི་རིགས་ཚད་དང་ལྡན་པའི་ཐོག་ནས་བྱས་ཐུབ་ཡོད། སྒྲིག་གཞི་བསྐྱར་བཅོས་དེ་ཡང་གནད་དོན་མགོ་ཚོས་པའི་ཐོག་ནས་གནང་སོང་བསམ་པའི་ཚོར་བ་བྱུང་སོང་། སྐར་རྟགས་ཅན་གྱི་དྲི་བ་ ༤ འགྲོ་ཐུབ་ཡོད། དྲི་བ་མང་པོ་བྱུང་བའི་ནང་ནས་དྲིས་ལན་མ་ཐེ་བའི་གནས་སྟངས་བྱུང་ཡོད་ན། མ་འོངས་པར་ཡར་རྒྱས་གཏོང་དགོས་པའི་འགན་ཞིག་ཆགས་ཡོད་པ་རེད། ཁྲིམས་བཟོའི་ལས་དོན་གྱི་ཕྱོགས་ནས་ཇོ་ནང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་མིན་དེ་འགྲོ་ཐུབ་མེད། མ་འོངས་པར་སྤྱི་འཐུས་རྣམ་པ་གོ་བསྡུར་བརྒྱུད་ཐག་གཅོད་བྱ་རྒྱུ་ལྷག་ཡོད། གྲོས་ཚོགས་ཕྱི་ལོགས་ནས་ཉིན་ ༢ རིང་བཞུགས་མོལ་ཚོགས་འདུ་ཚོགས་པ་རེད། དེའི་ནང་བགྲོ་གླེང་དང་གྲུབ་འབྲས་ཚད་དང་ལྡན་པ་བྱུང་སོང་། ལས་དོན་ཁག་ཅིག་རིམ་པས་ཡོངས་ཁྱབ་གསལ་བསྒྲགས་གནང་གི་རེད།  ལྷག་པར་དུ་མི་མང་མཉམ་ཞུགས་བྱ་དགོས་པའི་ཐད་ནས་འཛིན་སྐྱོང་བཀའ་ཤག་གིས་འབྲེལ་ཡོད་ས་གནས་མགོ་འཛིན་དང་ས་གནས་དོན་གཅོད་ཁག་ལ་བཀོད་ཁྱབ་ནན་མོ་གནང་རྒྱུ་གལ་ཆེན་པོ་རེད ” ཅེས་གསུངས་བྱུང་

 

མཇུག་མཐར་ཚོགས་གཙོ་མཆོག་གིས་བོད་ནང་གི་བོད་མི་ཚོར།“ བོད་ནང་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པའི་ལས་འགུལ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་བར་རང་ལུས་མེར་བསྲེགས་གནང་བ་དེ་དག་ང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བཞིན། ལས་འགུལ་སྤེལ་མཁན་གྱི་ཁྲོད་ནས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་གནང་མཁན་དང་། བོད་ནང་གོམ་བགྲོད་བྱེད་མཁན། རྒྱ་གར་རྒྱལ་ཡོངས་ནང་བསྐོར་བསྐྱོད་བྱེད་མཁན། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གཞུང་སྒེར་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན ”ཞེས་གསུངས་བྱུང་

གསར་འགོད་པ། དོན་གོ

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།