མིག་ཆུ།

16/10/2009 17:26

དུས་ཚིགས་ཀྱི་མིག་ཆུ།

 

སྟོན་འཇུག་གི་མདའ་ཁ་བཙན་པོས་

སྡོང་ལོ་སེར་པོ་རིམ་གྱིས་གཏོར་བས་

ཁྲུང་ཁྲུང་དཀར་མོས་བསྟར་འཕྲེང་བསྒྲིགས་ཏེ་

རྒྱང་རིང་རྒྱང་རིང་གི་ལྷོ་ཕྱོགས་ལ་མགྲོན་དུ་བཞུད་

དེ་ནི་གནམ་གྱི་བསྐོར་ཐང་མིན་ལ་

དུས་རབས་ཀྱི་གས་ཀ་ནས་བྱུང་བའི་འཕོ་འགྱུར་རེད་

ཁྱེད་ཕེབས་སྐབས་ངས་མིག་ཆུ་ཞིག་གི་རྫོངས་པ་མེད་ལ་

ཁ་བཏགས་ཞིག་གི་སྐྱེལ་མའང་མེད་

རེད་ཡ་          མི་རིགས་ཤིག་གི་བདེ་སྡུག་ཁྱེར་ནས་

ཧི་མ་ལ་ཡ་རི་རྩེ་ནས་འཕུར་སོང་

འབྱུང་འགྱུར་གྱི་ལོ་ཟླའི་གོ་རིམ་ཁྲོད་ནས་

ངས་ཁ་སང་གི་ལོ་རྒྱུས་ལ་བསམ་གཞིགས་བྱེད་དུས་

ཚོར་སྙང་སྐྱུར་མོ་ཞིག་གི་མིག་ཆུས་སེམས་པ་བརླན་ཞིང་

སྙན་ངག་པའི་ཟུང་ཁྲག་གི་སྙིང་རྩ་འཕར་

རྒྱལ་ཕམ་གྱི་ཡོ་ལང་ཁྲོད་ན་་་

སྨྱུག་རྩེ་ནས་འཛགས་པའི་སྙན་ཚིག་གི་རླུང་རྟ་མོད་པོ་

ཇོ་མོ་གླང་མའི་དབུ་རྩེ་ནས་མཆོད་ཀྱིན་

ཡར་ཀླུང་གཙང་པོ་ཧམ་སེམས་ཀྱི་འཐུང་

འདི་ནི་མི་རབས་ཤིག་གི་ལས་དབང་ལ་བཟོས་པའི་རྨ་ཁ་རེད་

ཡིན་ནའང་ཁྱེད་ལ་འཁང་ར་བྱེད་དོན་ཅི་ཡང་མེད་

དུས་རབས་ཀྱི་ལྟེག་ཁུག་ནས་སྨིན་པའི་

འདས་སོང་གི་ལོ་ཟླ་གང་ལྟར་རིང་ནའང་

ངོ་ཚོའི་རེ་སྒུག་གི་འབོད་སྐུལ་དེ་ལས་རིང་

རི་ཆུ་སྟོང་ཁྲག་གི་ཕ་མཐའ་ན་གནས་པའི་

འཁྲེང་སེམས་ཀྱིས་མནར་བའི་གངས་རི་དང་ནགས་ཀླུང་

ང་དང་སྤུན་ཟླ་ཚོའི་རེ་སྒུག་གི་སྨོན་འདུན་གཙང་མས་

སྙན་ངག་གི་མཆོད་ཚིག་མཁའ་རུ་གཏོར་གྱིན་

གྱེར་འདོན་གྱི་འབོད་སྐུལ་རིང་པོ་

ཡར་ཀླུང་གཙང་པོའི་འགྲམ་ངོགས་ནས་བླངས་

ཕེབས་ཤོག་ཡ་  མེ་ཏོག་དང་ཆོ་བོ་ལ་དུང་བའི་ཁྲུང་ཁྲུང་

འཕུར་ཤོག་ཡ་   མཐོ་སྒང་གི་ལྷ་བྱང་དཀར་པོ།

དཀོན་མཆོག་ནས་སྤྱི་ལོ་༢༠༠༩ སྤྱི་ཟླ་༡༠ ཚེས་༡༥་ཉིན་བྲིས་སོ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།