མཉམ་དུ་སྡོད་དཀའ་

22/07/2009 06:49

མཉམ་དུ་སྡོད་དཀའ་གི

ཉེ་ལམ་བྱུང་བའི་དོན་རྐྱེན་འདིས་ཡུ་གར་བ་དང་ཧན་རྒྱ་རིགས་གཉིས་ཀྱི་འབྲེལ་ཐག་རིང་དུ་བཏང་ཡོད་པ་མ་

ཟད།    གནས་སྤར་ནས་ཡོང་བའི་ཧན་རྒྱ་རིགས་མང་པོ་ཞིག་གིས་ཞིན་ཅང་བདེ་འཇགས་མིན་པ་དང་ཡུ་གར་

བ་རྣམས་དང་མཉམ་གནས་མི་ཐུབ་པའི་ཚོར་བ་རྙེད་དེ་ཕྱིར་ལོག་བྱེད་ཀྱི་ཡོད་འདུག ཉེ་བའི་ཉིན་འགའི་རིང་

ཞིན་ཅང་ནས་རྒྱ་ནག་ཏུ་འགྲོ་བའི་གནམ་གྲུ་དང་རླངས་འཁོར། མེ་འཁོར་རྣམས་རང་ཡུལ་དུ་ལོག་པའི་ཧན་རྒྱ་

རིགས་ཀྱིས་ཁེངས་ཡོད་པ་རེད།

ཝུ་རུ་མུ་ཆི་རུ་ལོ་རབས་གཉིས་ཀྱི་རྒྱ་ནག་གི་ལོ་རྒྱུས་ནང་དུ་མི་དམངས་གྱེན་ལངས་ཆེ་ཤོས་བྱུང་བའི་ཤུལ་དུ་བཞག་

པའི་བེམ་པོ་རྣམས་དུར་ལས་བྱས་རྗེས། དོན་དངོས་གཞན་ཞིག་རྙེད་པ་ནི་མི་དམངས་ཀྱིས་རྒྱ་ནག་གཞུང་གི་ནུས་

པར་ཡིད་ཆེས་བརླགས་ཡོད་པ་དེ་རེད། ཡུ་གར་དང་ཧན་རྒྱ་རིགས་གཉིས་ཀྱིས་དམར་འཛིང་བྱས་ཏེ་ཞེ་འཁོན་རྩོད་

བཞིན་པའི་སྐབས། ཉེན་རྟོག་པ་དང་དམག་མི་མིག་གིས་མཐོང་སར་མེད་པས་མི་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་

བཏང་ཡོད་འདུག རང་ལོ་ཞེ་གཅིག་ལ་སོན་པའི་མེ་ཏོག་ལྡུམ་ར་བཟོ་མཁན་ཁྲིན་ཝེ་ཞེས་པ་ཞིག་གིས་བཤད་དོན།

མི་རྣམས་ཀྱིས་གསོད་རེས་བྱེད་བཞིན་པའི་སྐབས་ཉེན་རྟོག་པ་གང་དུ་ཡོད་པ་རེད། ཁོང་ཚོར་བེད་སྤྱོད་རྩ་བ་ནས་མི་

འདུག་ཟེར།

གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་དང་བདེ་འཇགས་མི་སྣར་དྲག་པོར་གྱུར་བའི་རྒྱ་ཆེ་བའི་ངོ་རྒོལ་རྣམས་

གློ་བུར་དུ་བཀག་འགོག་བྱེད་པའི་ནུས་པ་མེད་པར་འདོད་ཀྱིན་ཡོད། རྒྱ་ནག་བདེ་སྲུང་དབྱེ་ཞིབ་པ་ Murray Scot

Tanner མུ་རེས་ སི་ཀོ་ཊི་ ཊ་ནེར་ གྱིས། གནད་དོན་འདིས་ཧ་ཅང་གལ་ཆེ་བའི་དྲི་རྟགས་ཤིག་སློང་བ་ནི། གནས་

སྟངས་གང་ཞིག་གི་འོག་ཏུ་ད་དུང་མི་དམངས་ཀྱིས་ཉེན་རྟོག་པར་ཞེད་སྣང་བྱེད་ཀྱི་རེད་ཟེར། སྤྱི་ཟླ་ ༧ ཚེས་ ༥ དོན་

རྐྱེན་གྱི་རྗེས་སུ་ཧན་རྒྱ་རིགས་རྣམས་ཀྱིས་ཉེན་རྟོག་པའི་བཀའ་ལ་མ་རྩིས་པར་ཞེ་འཁོན་རྩོད་ཆེད་ཡུ་གར་བ་རྣམས་

དམར་གསོད་བྱེད་པའི་ལས་ལ་ཞུགས་ཡོད་པ་རེད། སྐུ་ཞབས་ ལི་ཞེས་འབོད་པའི་རྒྱ་མི་ཞིག་གིས་ལག་ཏུ་རྐུབ་སྟེགས་

ཀྱི་རྐང་པ་ཡ་གཅིག་བཟུང་སྟེ། ངས་འདིར་དྲང་བདེན་སྐྱོང་གི་ཡོད་ཟེར། རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་ལ་

གཞིགས་ན། ཐེངས་འདིའི་དོན་རྐྱེན་ཁྲོད་དུ་མི་ ༡༩༢ ཚེ་སྲོག་ཤོར་ཡོད་པ་དང་། ༡༧༢༡ ལ་རྨས་སྐྱོན་ཕོག་ཡོད་པ་

རེད། ཤི་རྨས་ཐེབས་པ་མང་ཆེ་བ་ཧན་རྒྱ་རིགས་ཡིན་པར་རྗོད་བཞིན་ཡོད་ན་ཡང་། ཡུ་གར་བ་རྣམས་ཀྱིས་ཁོང་ཚོར་

ཤི་རྨས་ཐེབས་པ་མང་པོ་ཞིག་གྲངས་ཀར་རྩིས་ཡོད་པ་མ་རེད་ཟེར།


དོན་རྐྱེན་འདིའི་འབྱུང་རྐྱེན་གཙོ་བོ་ནི་སྤྱི་ཟླ་གསུམ་པའི་ནང་དུ་ཞིན་ཅང་ས་གནས་གཞུང་གིས་ཡུ་གར་ལས་བཟོ་བ་

བརྒྱད་བརྒྱ་རྒྱ་ནག་གི་ཞིང་ཆེན་ཀུང་ཌོན་དུ་ཡོད་པའི་རྩེད་ཆས་བཟོ་གྲྭ་ཞིག་གི་ནང་དུ་བཏང་ཡོད་པ་དང་། ཁོང་ཚོ་

དང་ཧན་རྒྱ་རིགས་གཉིས་ཀྱི་འཁྲུག་འཛིང་ཤོར་ཏེ་ཤི་རྨས་བྱུང་ཡོད་པ་རེད། ཡུ་གར་རྣམས་ཀྱིས་མི་གསོད་ཀྱི་དོན་རྐྱེན་

འདིར་དྲང་བདེན་གྱིས་ཁྲིམས་ཐག་གཅོད་དགོས་ཞེས་ཞི་བའི་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པས་དྲག་གནོན་བྱས་པར་

བརྟེན། ཁོང་ཚོའི་ཞེ་འཁོན་གྱི་ཁོང་ཁྲོ་ཇེ་ཆེར་ཕྱིན་ཏེ་ཧན་རྒྱ་རིགས་རྣམས་ལ་དམར་འཛིང་བྱེད་པའི་མགོ་བརྩམས། ཨེ་

ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ Nicholas Bequelin ནི་ཁོ་ལ་སི་ བྷེ་ཁུའེ་ལིན་གྱིས།

དམར་ཤོག་ཚོགས་པའི་ནོར་འཁྲུལ་ཆེ་ཤོས་ནི་རང་དབང་ཅན་གྱི་ཁྲིམས་ཁང་མེད་པ་དེ་རེད། གང་ཡིན་ཟེར་ན། མི་

དམངས་ཀྱིས་སྡུག་བསྔལ་ཁྲིམས་ཁང་དུ་སྐྱེལ་མ་ཐུབ་དུས་སྲང་ལམ་དུ་འཁྱེར་ཡོང་ངེས་རེད་ཟེར།


ཡུ་གར་བ་རྣམས་ཀྱིས་ཕར་རྒོལ་བྱས་ཏེ་ཡུན་རིང་མ་འགོར་བར་ཧན་རྒྱ་རིགས་རྣམས་ཀྱིས་ཞེ་འཁོན་རྩོད་ཆེད་དུ་

ཚུར་རྒོལ་བྱས་ཏེ་ཉིན་གསུམ་རིང་དམར་འཛིང་བྱས་པ་རེད། རང་ལོ་ ༢༣ ལ་སོན་ཞིང་མིང་ལ་ Abulimit ཨ་བྷུ་

ལི་མི་ཊི་ཟེར་བའི་ཡུ་གར་ལྷམ་ཕྱི་མཁན་ཞིག་གི་སྟེང་དུ་ཧན་རྒྱ་རིགས་སྐོར་ཞིག་གིས་རུབ་བརྒྱབ་སྟེ་གྲི་དང་དབྱུག་

པས་བརྡུངས་པའི་མྱོང་ཚོར་བཤད་རྒྱུར། ཁོང་ཚོས་ང་ཚོ་གསོད་བསམ་གྱིན་འདུག ཡིན་ན་ཡང་ང་ཚོར་འགྲོ་ས་དང་

བྱེད་ཐབས་གཞན་གང་ཡང་མེད་ཟེར། ཡུ་གར་བ་རྣམས་ཀྱིས་ད་ལྟའི་དོན་རྐྱེན་འདི་ནི་ཧན་རྒྱ་རིགས་ཀྱིས་ཁོང་ཚོར་

གཉའ་གནོན་དང་ཐུབ་ཚོད་བྱས་པའི་ལོ་རྒྱུས་རིང་མོའི་ནང་གི་ལེའུ་གསར་ཤོས་གཅིག་རེད་ཟེར།


ངོ་རྒོལ་དང་ཟིང་འཁྲུག་སློང་བཞིན་པའི་སྐབས་དེར་དོན་རྐྱེན་འདིའི་མགོ་ཁུངས་ཡིན་པའི་རྩེད་ཆས་བཟོ་གྲྭ་དེས་ཡུ་

གར་ལས་བཟོ་བ་ ༧༠༠ ལྷག་རྒྱང་ཐག་སྤྱི་ལེ་ ༡༥ ཙམ་གྱི་མཚམས་ན་སྒོ་བརྒྱབ་ཡོད་པའི་བཟོ་གྲྭ་ཞིག་གི་ནང་དུ་

བཅུག་སྟེ། མིག་གིས་མཐོང་སར་ཡོང་དུ་བཅུག་མེད་པ་རེད།   འོན་ཀྱང་ཁོང་ཚོར་བྱུང་བའི་ཆག་སྒོ་དེས་རྒྱ་ཆེ་བའི་

ངོ་རྒོལ་དང་དམར་འཛིང་གི་མགོ་བསླངས་ཡོད་པ་མ་ཟད། རྒྱ་ནག་གི་དབུ་ཁྲིད་ཚོའི་ཁ་ནང་དུ་གོམས་པའི་མི་རིགས་

འཆམ་མཐུན་ཞེས་པ་ཡང་དོན་དངོས་དང་མི་མཐུན་པའི་ཚིག་སྐམ་པོ་ཞིག་ཡིན་པ་གསལ་འདོན་བྱས་ཡོད་པ་རེད།

ནེའུ་ཡོག་ཏུ་ཡོད་པའི་ China Labor Watch རྒྱ་ནག་ངལ་རྩོལ་ལྟ་ཞིབ་ཁང་གི་འགན་འཛིན་ Li Qiang ལི་ཆིང་

གིས། གཞུང་འདིས་དངོས་གནས་མི་རིགས་ཀྱི་རྩོད་རྙོག་ཧ་གོ་གི་མི་འདུག་ལ། དེ་རྣམས་སེལ་ཕྱོགས་དེ་བས་ཀྱང་ཤེས་

ཀྱི་མ་རེད་ཟེར། ཡང་སྐུ་ཞབས་ Tanner ཊ་ནེར་ གྱིས། ངས་བལྟས་ན་ཁོང་ཚོར་སྤྱི་ཚོགས་ཕྱོགས་གཉིས་ཀྱིས་གོ་སྒྲིག་

བྱས་ཡོད་པའི་དྲག་པོའི་ལས་འགུལ་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་མེད་པ་གསལ་བོ་རེད། སྤྱི་ཚོགས་དང་སྤྱི་ཚོགས་

ཀྱི་ཛ་དྲག་གནས་སྟངས་སྐོར་རྒྱུས་ལོན་གྱི་མེད་པའི་སྟོང་ཆ་ཆེན་པོ་ཞིག་འདུག་ཟེར།


རྩེད་ཆས་བཟོ་གྲྭ་འདིར་བྱུང་བའི་མི་གསོད་ཀྱི་དོན་རྐྱེན་འདིས་ཞིན་ཅང་དུ་ངོ་རྒོལ་དང་ཟིང་འཁྲུག་ཆེན་པོ་བསླངས་

ཡོད་པ་དང་། འཛམ་གླིང་གི་ས་ཆ་མང་པོ་ཞིག་ཏུ་ཡང་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ཡུ་གར་བ་རྣམས་ལ་

གདུང་སེམས་མཉམ་སྐྱེད་མཚོན་ཆེད་ངོ་རྒོལ་སྐད་འབོད་བྱས་ཡོད། རྒྱ་ནག་གི་ཤིན་ཧྭ་གསར་ཁང་གིས། དོན་རྐྱེན་འདི་

ནི་སྔོན་ནས་ཤར་ཏུར་ཀི་སི་ཐན་གྱི་ཁ་བྲལ་བ་ཚོར་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་གོ་སྒྲིག་ཡག་པོ་བྱས་ཡོད་པ་ཞིག་

རེད། གཟའ་ཉི་མའི་ཉིན་ངོ་རྒོལ་གྱི་དོན་རྐྱེན་བྱུང་བ་དང་རྒྱལ་ཁབ་ཁ་ཤས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་

དྲག་པོའི་ངོ་རྒོལ་བྱས་སོང་ཟེར།


ཉེ་ལམ་བྱུང་བའི་དོན་རྐྱེན་འདིས་ཡུ་གར་བ་དང་ཧན་རྒྱ་རིགས་གཉིས་ཀྱི་འབྲེལ་ཐག་རིང་དུ་བཏང་ཡོད་པ་མ་ཟད། གནས་སྤར་ནས་ཡོང་བའི་ཧན་རྒྱ་རིགས་མང་པོ་ཞིག་གིས་ཞིན་ཅང་བདེ་འཇགས་མིན་པ་དང་ཡུ་གར་བ་རྣམས་དང་

མཉམ་གནས་མི་ཐུབ་པའི་ཚོར་བ་རྙེད་དེ་ཕྱིར་ལོག་བྱེད་ཀྱི་ཡོད་འདུག ཉེ་བའི་ཉིན་འགའི་རིང་ཞིན་ཅང་ནས་རྒྱ་

ནག་ཏུ་འགྲོ་བའི་གནམ་གྲུ་དང་རླངས་འཁོར། མེ་འཁོར་རྣམས་རང་ཡུལ་དུ་ལོག་པའི་ཧན་རྒྱ་རིགས་ཀྱིས་ཁེངས་ཡོད་

པ་རེད།

ཞིན་ཅང་ལ་མཚོན་ན་ངོ་རྒོལ་འདི་ལྟ་བུ་ནི་གསར་བ་ཞིག་གང་ཡང་རེད་མི་འདུག སྤྱི་ལོ་ ༡༩༩༠ ལོར་ཡུ་གར་བ་

༣༠༠༠ ཙམ་གྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་སྐབས། མཚོན་ཆ་ཐོགས་པའི་ཉེན་རྟོག་པས་མི་ལྔ་བཅུ་དམར་

གསོད་བཏང་ཡོད་པ་དང་། ཡང་སྤྱི་ལོ་ ༡༩༩༧ ལོར་ཤར་ཏུར་ཀི་སི་ཐན་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་

མཁན་གྱི་མི་སུམ་ཅུར་སྲོག་ཁྲིམས་གཅོད་དུས། ཡུ་གར་མི་དམངས་རྣམས་གྷུལ་ཇཱ་ཞེས་པའི་གྲོང་ཁྱེར་དུ་འཛོམས་

ཏེ་ངོ་རྒོལ་བྱས་ཡོད་པ་དང་། ཉིན་གཉིས་ཀྱི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་པ་ཡོང་སྟེ་དྲག་གནོན་བྱས་ཡོད། རྒྱ་ནག་

གཞུང་གིས་སྐབས་དེ་དུས་མི་ ༩ རྐྱེན་འདས་སུ་སོང་ཡོད་ཅེས་བཤད་ཡོད་མོད། ནུབ་ཕྱོགས་ཀྱི་གནད་དོན་དབྱེ་ཞིབ་

པ་ཚོས་མི་བཞི་བརྒྱ་ལྷག་རྐྱེན་འདས་སུ་སོང་བར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།