མཇལ་འཕྲད་གནང་འཆར།

04/12/2008 21:43

 

གོང་ས་མཆོག་རྒྱ་རིགས་ཤེས་ཡོན་པར་མཇལ་འཕྲད་གནང་འཆར།

 

༧གོང་ས་མཆོག་གིས་ཡུ་རོབ་མཐུན་ཚོགས་གྱིས་རྒྱ་ནག་མི་མང་གི་ཕུགས་རྒྱང་རིང་བོའི་ཁེ་ཕན་སྲུང་སྐྱོབ་ཆེད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པ་ནན་བརྗོད་གནང་ཡོད་འདུག 

༧གོང་ས་མཆོག་གིས་ཚེས་ ༤ ཉིན་བྷི་བྷི་སི་ BBC གསར་ཁང་ལ།  ང་ཚོར་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། ཁྲིམས་ལུགས་རང་དབང་དགོས་ཅེས་གསུངས་ཡོད་པ་དང༌། འབྱུང་འགྱུར་གྱི་ཟླ་ཤས་ནང་ཁོང་ཉིད་རྒྱ་ནག་གི་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ལ་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་ཡང་གསུངས་ཡོད་འདུག འོན་ཀྱང་། བྷི་བྷི་སི་གསར་ཁང་གིས་བརྗོད་པ་ལྟར། ༧གོང་ས་མཆོག་གི་ཐེངས་འདིར་ཁོང་ཉིད་ས་ཆ་གང་དང་དུས་ཚོད་ག་དུས་ཤིག་ལ་རྒྱ་རིགས་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་རྣམས་ལ་མཇལ་འཕྲད་གནང་རྒྱུའི་སྐོར་གསལ་བོར་གསུངས་མི་འདུག

བོད་རྒྱའི་གནད་དོན་གྱི་ཐད་ནས་༧གོང་ས་མཆོག་གིས་ནམ་རྒྱུན་ལོ་ཤས་ཞེས་གསུང་གི་ཡོད་ནའང་། ལོ་འདི་ནས་བཟུང་༧གོང་ས་མཆོག་གིས་༼ཟླ་ཤས་རིང་༽ཞེས་པའི་ཚིག་འདི་ཐེངས་ཁ་ཤས་ལ་གསུངས་ཡོད་ལ། ཐེངས་འདིར་ཡུ་རོབ་ནས་ཀྱང་ཟླ་ཤས་ཀྱི་རྗེས་ནས་ཞེས་པའི་གསུང་འདི་ཐེངས་འགར་གསུངས་ཡོད་པ་དང་། དེ་བཞིན་ཁོང་ཉིད་རྒྱ་ནག་གི་ཤེས་ཡོན་པ་དང་རྩོམ་པ་པོ་རྣམས་ལ་མཇལ་འཕྲད་གནང་དེ་ཡང་ཟླ་ཤས་ཀྱི་ནང་ཚུད་དུ་གསུངས་ཡོད། འོན་ཀྱང་། ས་ཆ་དང་དུས་ཚོད་ཀྱི་ཐད་ནས་གསལ་བོར་གསུངས་མེད་པ་བཞིན། རྒྱ་ནག་གི་ཤེས་ཡོན་པ་དང་རྩོམ་པ་པོ་འདི་དག་གི་ཡོང་ཁུངས་ཀྱང་གསལ་བོར་གསུངས་མེད་པ་རེད།

༧གོང་ས་མཆོག་གིས་རྒྱ་ནག་གི་ཚོང་ཤག་གཙོ་བོ་ཡུ་རོབ་མཐུན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་ནས་བརྟན་པོར་ལངས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ལ། ཁོང་གིས། རྒྱ་རིགས་མི་མང་ལ་ཡང་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། ཁྲིམས་ཀྱི་དབང་བསྒྱུར་བཅས་དགོས་ཀྱི་ཡོད་པས། ཡུ་རོབ་མཐུན་ཚོགས་གྱིས་རྒྱ་ནག་མི་མང་གི་ཕུགས་རྒྱང་རིང་བོའི་ཁེ་ཕན་སྲུང་སྐྱོབ་ཆེད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལངས་ཕྱོགས་བརྟན་པོ་ཞིག་དགོས་པ་རེད་ཅེས་BBCགསར་ཁང་བརྒྱུད་ནས་འབོད་སྐུལ་གནང་ཡོད་འདུག ༧གོང་ས་མཆོག་གིས་ཉེ་ཆར་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་རྣམས་ལ་བཀའ་སློབ་བསྩལ་བ་ལྟར། ཐེངས་འདིར་རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་པར་མཇལ་འཕྲད་གནང་རྒྱུའི་ལས་རིམ་འདི་བརྒྱུད་ནས་རྒྱ་རིགས་མི་དམངས་ལ་འབྲེལ་བ་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ཚུལ་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།