བོད་ཀྱི་ཞྭ་མོ་

26/10/2009 13:15

        རིགས་མང་ཞིང་ཚོན་མདོག་རྣམ་པར་བཀྲ་བའི་བོད་ཀྱི་

                          ཞྭ་མོ་ཁྱད་མཚར་ཅན།

༄༅། །རིགས་མང་ཞིང་ཚོན་མདོག་རྣམ་པར་བཀྲ་བའི་བོད་ཀྱི་ཞྭ་མོ་ཁྱད་མཚར་ཅན།       ཞྭ་མོ་ནི་གཟུགས་གཞིའི་སྤྱི་

གཙུག་མཛེས་ཤིང་སྲུང་བར་བྱེད་པའི་གྱོན་ཆས་སྟེང་མ་ཞིག་ཡིན་པས་བཟོ་བྱེད་ཀྱི་རྒྱུ་ཆ་སྤུས་ལེགས་ཤིང་དཔེ་དབྱིབས་

ཀྱི་རྣམ་པ་དོན་དང་ལྡན་པ། མཛེས་སྤྲས་ཀྱི་རྒྱན་ཆ་ལ་རིན་ཐང་ཆེ་བར་བརྟེན་བརྩི་མཐོང་ཧ་ཅང་ཆེ། གལ་ཏེ་བོད་ཀྱི་

གྱོན་ཆས་ནི་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་ཚོམ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། ཞྭ་མོ་ནི་མཛེས་སྡུག་

ཡིད་དབང་འཕྲོག་པའི་མེ་ཏོག་གངས་ལྷ་ཇི་བཞིན་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་ལྡན་པ་མ་ཟད། གངས་ཅན་

རིག་གནས་ཀྱི་དམིགས་བསལ་མཚོན་རྟགས་ཤིག་ཏུ་གྱུར་ཏེ་ཀུན་གྱི་བློ་ངོས་སུ་མཛེས་རིས་འགོད་པ་ལ་ཡིད་གཉིས་མ་

མཆིས་སོ།།

       སྤྱིར་བཤད་ན་བོད་མི་རིགས་འདུས་སྡོད་ཀྱི་ཁོར་ཡུག་དང་གནམ་གཤིས་སོགས་ཀྱི་དབང་གིས་ཞྭ་མོ་ལ་དབྱར་

ཞྭ་དང་དགུན་ཞྭའི་རིགས་ཆེན་པོ་གཉིས་སུ་བསྡུས་ཆོག་མོད། འོན་ཀྱང་བོད་ལ་ཞྭ་མོ་སྣ་གཉིས་མ་གཏོགས་མེད་པ་

མིན་པར་ཁྱད་ཆོས་མི་འདྲ་བའི་སྒོ་ནས་དབྱེ་ན་མི་སེར་སྐྱ་བོའི་ཞྭ་དང་དཔོན་པོའི་ཞྭ། དགེ་འདུན་པའི་ཞྭ། སྒྱུ་རྩལ་

པའི་ཞྭ་དང་དམག་ཞྭ་བཅས་རིགས་ལྔ་རུ་བཀར་ཆོག་པར་འདོད་དོ། །མིང་གི་རྣམ་གྲངས་སུ་སྐྱེ་བོའི་ཅོད་པན་དང་

མགོ་བོའི་གོས། མགོ་བོའི་ཞྭ། མགོ་རེག ཆུ་སྐྱོབ་སོགས་སུ་འདོགས་པར་མཛད།  དེ་ཡང་དཔེ་དེབ་འགའ་རུཕག་

གྲུ་དང་རིན་སྤུངས། གཙང་སྟོད་སྡེ་བའི་སྐབས་དྲུང་དྲག་སྐྱ་བོ་རྣམས་ནས་དེང་སང་གཟིམ་ཆུང་བའི་རྒྱ་ལུ་ཆས་ཞེས་

སྣམ་བུ། ཐེར་མ། ནག་པོའི་སྨད་གོས་སུལ་ཅན། སྣམ་བུའི་ཕུ་སྟོད་འཇའ་ལྡན། སྣམ་གཟན། འཁུར་ཕྲ་ཐིག་ཁུག ཕོར་

ཤུབས། རྩེ་སག་གསེར་ཧྲིལ། སྙུག་ཁྲོག ཀོ་ལྷམ་རྡོག་གཅིག་མ། ཞྭ་མོ་འབོགས་ཆེན་དང་ཡང་ཞུ་ཞེས་ཐུག་ཁོག་གི་སྐྱག་

ལྟ་བུའི་ཞྭ་མོ་དེ་དག་དྲུང་འཁོར་སྐྱ་བོ་ཚོའི་རྒྱུན་ཆས་དེ་གནའ་དུས་ཀྱི་བོད་ཆས་རང་ཡིན་པ་བཤད་སྲོལ་ཡོདཅེས་

བཀོད་འདུག་པ་བཞིན་དུ་ཞྭ་མོ་འབོག་ཆེན་དང་ཡང་ཞྭ། ཕྱིས་འབྱུང་གི་ཝ་ཞྭ་དང་རྟ་ཞྭ་ཐོ་མོར། སོག་ཞྭ། རྒྱ་ཞྭ་ལིས་

མོ། ཨར་ཞྭ། རྣ་བཞི། རྨོག་རིལ་ཨ་མཆོག་ཅན། ཁྱོ་ཞྭའམ་ཝ་ཞྭ་ལྟག་རིང་། ཚར་ཞྭ། ཕྱིང་ཞྭ། རྩྭ་ཞྭ། ཆར་ཞྭ་སོགས་ཡོད་

པས་བོད་མི་རིགས་ལ་ཆ་རྒྱུས་ལྡན་མཁན་ཞིག་ཡིན་ཚེ་ཐོག་མར་ཞྭ་མོ་ཅི་འདྲ་ཞིག་གྱོན་ཡོད་པ་ལས་མི་དེའི་ཐོབ་

གོ་ས་དང་རྒྱུ་འབྱོར་ལོངས་སྤྱོད་ཅི་འདྲ་ཡིན་པ་ཐད་ཀར་དུ་ཤེས་ཐུབ་བོ།།  

མདོར་བསྡུས་ཏེ་བཤད་ན་ཁྱིམ་པའི་ཞྭ་མོ་ནི་ལོ་རྒྱུས་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ཏེ་དང་ཐོག་ཞྭ་མེད་པ་ནས་

ཡོད་པར་གྱུར་བ་དང་རིམ་བཞིན་རྒྱུ་སྤུས་ཇེ་ལེགས། བཟོ་དབྱིབས་ཇེ་མཛེས། དེང་རབས་སྔོན་ཐོན་མི་རིགས་ཀྱི་ཞྭ་མོ་

ནང་འདྲེན་དང་བཟོ་བཅོས་སོགས་བྱས་ཏེ་ཞྭ་མོ་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་འགྱུར་བྱུང་བ་རེད། ཞྭ་མོ་དེ་དག་

གི་ཁྲོད་དུ་བོད་མི་རིགས་ཀྱི་ཐབས་ཤེས་ལ་བརྟེན་ནས་གསར་བཟོ་དར་སྤེལ་བྱས་པ་ཡོད་པར་མ་ཟད། རྒྱལ་ཁབ་བམ་

མི་རིགས་གཞན་གྱི་ཞྭར་དཔེ་བླངས་ནས་བཟོས་པའི་ཞྭ་ཡང་ཡོད། འོན་ཀྱང་དེང་སྐབས་མི་ལ་ལས་གང་དྲན་དྲན་དུ་

ཞྭ་མོ་བཟོས་ཏེ་མཛེས་པར་རློམ་འདུག བཟོ་ལྟ་ཁྱད་མཚར་བའི་ཞྭ་དེའི་རིགས་ནི་ཞྭ་རེད་ཅེས་བཤད་ཆོག་མོད་ཀྱང་

བོད་ཞྭ་ཞེས་མིང་ཐོགས་མིན་མི་ཤེས་པའམ།      ཡང་ན་མཚོན་བྱེད་ཀྱི་ཁྱད་ཆོས་མི་ལྡན་པར་སྣང་།   ཝ་ཞྭ་ལ་བཟོ་

དབྱིབས་མི་འདྲ་བ་ཅུང་མང་སྟེ།    དཔེར་ན་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱིས་ཝ་ཞྭ་ལྟག་རིང་གོན་ཞིང་

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བུད་མེད་ཚོར་ཚར་ཞྭ་གོན་པའི་སྲོལ་ཡོད།ཚར་ཞྭའི་བཟོ་

ལུགས་ཝ་ཞྭ་དང་མཚུངས་ཤིང་ཚུགས་ཀ་རྣམ་པ་ཡང་སྡེར་ཁ་མ་དང་སྒོར་གཟུགས་སོགས་ཅི་རིགས་ཤིག་ཡོད། དེ་

ལས་ཀྱང་གལ་ཆེ་བ་ཞིག་ནི་ཚར་ཞྭའི་རིན་གོང་དམའ་བ་དང་ཐུན་མོང་མ་ཡིན་པའི་མཛེས་པ་མངོན་པས། འབྲོག་

པ་རྒན་གཞོན་ཕོ་མོ་མེད་པར་རྒྱུན་གོན་བྱེད་རྒྱུར་ཧ་ཅང་དགའ།ཕྱིང་ཞྭའི་འབྱུང་ཁུངས་ལ་ངག་རྒྱུན་ཞིག་ཡོད་དེ་

ཤེལ་དཀར་གྱི་མཆོད་རྟེན་བཞེངས་འདྲའི་ཨ་མྱེས་རྨ་ཆེན་གྱིས་དུས་རྟག་ཏུ་ཕྱིང་ཞྭ་གོན་ཞིང་རྟ་ར་ར་ཞིག་ལ་བཅིབས་

ནས་རང་གི་འབངས་མི་སྲུང་སྐྱོབ་བྱེད་པ་དང་སྐབས་འགར་སྤྲིན་དཀར་ལང་ལོང་ལྡིང་བའི་ཕོ་བྲང་ནས་ཕྱིར་བུད་དེ་

འབྲོག་པའི་ངང་ཚུལ་གྱིས་ནོར་ལུག་ཁྲི་སྟོང་མང་པོ་འཚོ་བཞིན་ཡོད་པའི་བཤད་པ་ལས་ཕྱིང་ཞྭ་དར་ཞིང་རོང་འབྲོག་

མང་ཚོགས་ཀྱི་ཚ་གྲངས་གདུང་བ་སྐྱོབ་པའི་ཆས་སུ་གྱུར་ནས་ཐུན་མོང་མ་ཡིན་པའི་དགེ་མཚན་མངོན་པ་རེད། གལ་

ཏེ་རྒྱ་ཞྭ་ལིས་མོ་ནི་མཁས་པའི་རྩལ་དང་བཟོ་གྲྭའི་འཕྲུལ་ཆས་ཀྱིས་བོད་མི་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཤིག་རེད་

ཅེ་ན་རྒྱལ་དབང་སྐུ་ཕྲེང་བདུན་པས་ཐོག་མར་བཟོས་ཤིང་ཕྱིས་སུ་གཞིས་རྩེ་དང་ལྷ་ས་སོགས་སུ་དར་ཆེ་བའི་སྐལ་

བཟང་བསིལ་རས་ཀྱིས་ཚང་མར་བསིལ་འགུག་པའི་ཞྭ་སྟབས་བདེ་ཞིག་བསྩལ་བྱུང་།རྣ་བཞིའམ་ཚེ་རིང་སྐྱིན་ཁེབས་

ཀྱི་རྒྱན་དང་རི་མོ་ཕྲ་མོད་ཀྱང་ས་གནས་རང་གི་རྒྱུ་ཆ་དང་ལག་ཤེས་ལ་བརྟེན་ནས་མཛེས་པར་བཟོས་ཆོག་ལ་དུས་

ཚིགས་བཞི་བོར་རོང་འབྲོག་གི་ཁྱད་མེད་པར་གོན་ཆོག་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།    ང་ཚོས་ཤེས་གསལ་

ལྟར་ཀོང་ཞྭ་ཁ་ལ་ཡུག་གི་གཤོག་སྣེ་བརྐྱངས་པ་ལྟ་བུའི་ཞྭ་མོ་དེ་ཀོང་ཞྭ་གཞན་དག་ལས་ཡག་ཅིང་བིང་ཨུའི་སྒྲོ་ཞྭའི་

ཁྱད་ཆོས་ཀུན་དང་མི་མཐུན་པ་མ་ཟད། དོན་དང་ལྡན་པའི་སྒོ་ནས་ད་ལྟའི་བར་ད་རུང་དར་ཁྱབ་བྱུང་འདུག

 

མཐོ་རིམ་པར་ལེན་མཁན་དཔལ་མགོན་སྐྱབས་ཀྱིས་ཞྭ་མོའི་ཚོས་གཞི་གར་སླའི་ཐད་ལ་ཞིབ་འཇུག་བྱས་ནས་བཤད་

རྒྱུར། རྣ་བཞི་དང་ཀོང་ཞྭའི་གསེར་དངུལ་མཐའ་རྒྱན་དང་གསེར་དངུལ་སྐུད་པ་མདངས་བསྡུར་དོ་མཉམ་སྒོས་ཡང་

དང་སྐྱར་དུ་བཀོད་པ་དེས་ཚོན་མདོག་གི་གཞི་མཐུན་མངོན་པ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།  དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིསདེབ་དཀརདུ་བཀོད་པའིསྲོང་བཙན་གྱིས་དར་

དམར་པོའི་ཐོད་བཞེས་པ་དང་།མངའ་རིས་ལ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་ད་ལྟའི་བར་ཡོད་

པ་རྣམས་ནས། ལོ་གསར་གྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་

ཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བཪྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་

པ་རེདཅེས་གསུངས་པ་སོགས་ལ་བལྟས་ན་ཡི་གེར་བཀོད་ཡོད་པའི་བོད་ཀྱི་ཞྭ་མོ་ཐོག་མ་ནི་སྲོང་བཙན་གྱི་སྐུ་རིང་

ལ་ཡོད་པར་མ་ཟད། དར་དམར་པོས་བཟོས་པའི་ཞྭ་ཞིག་ཡིན་པར་འདོད། སྡེ་སྲིད་བློ་བཟང་མཐུ་སྟོབས་ཀྱིས་སྔར་གྱི་

རྒྱལ་བློན་རྣམས་ཀྱི་ན་བཟའི་སྐོར་ལ་ཞིབ་འཇུག་བྱས་ཏེསྔར་སྡེ་སྲིད་ཕག་མོ་གྲུ་པ་དང་བྱང་བ་རིགས་ལྡན།    རྒྱལ་

མཁར་རྩེ་པ། རིན་སྤུངས་པ་སོགས་སྡེ་དཔོན་ཁུངས་བཙུན་རྣམས་ཀྱིས་སྔར་བོད་རྗེ་ཆོས་རྒྱལ་སྐུ་དུས་ཀྱི་ཆས་གོས་ལ་

གཞི་བཅོས་ཏེ་གསེར་ག སོག་རྣ། སོག་སྒོར། རྣ་རྒྱངས། ཤལ་དཀར་དམར། རྩི་གོས། རྩེ་བེར། གཙུག་ཞྭ། ཕོར་ཤུབས། ཀོ་

ལྷམ་རྡོག་གཅིག་མ་བཅས་ཡིནཞེས་གསུངས་པ་དང་། བོད་ཀྱི་ལོ་རྒྱུས་སོགས་ལ་དཔྱད་ཚེ། གོང་དུ་བཤད་པའི་དར་

དམར་ཐོད་བཞེས་དང་གཙུག་ཞྭ། དེ་མིན་དཔལ་ལྡན་ས་སྐྱ་པའི་སྐབས་སུ་སོག་པོའི་གྱོན་ཆས་ཀྱི་ཤན་ཞུགས་པའི་ཏོག་

ཞྭ། སྔར་འབར་མའི་ནང་བློན་ཆེན་མོ་དང་མི་དྲག་ཚོས་གྱོན་པའི་ཞྭའི་བཟོ་དབྱིབས་ལ་དཔེ་བླངས་ནས་དར་པའི་ཞང་

ཞུའམ་གསེར་ཞྭ་སོགས་ནི་རྒྱལ་བློན་དཔོན་པོའི་ཞྭ་ཡིན་པར་སྣང་། རྒྱལ་བློན་དཔོན་པོའི་ཞྭ་མོའི་ནང་དུ་ཡང་ཐོབ་གོ་

ས་དང་ལས་བགོས། དུས་ཚིགས་མི་འདྲ་བའི་ཞྭ་ཡོད་དེ། དཔེར་ན།    ཞྭ་མོ་ལྕགས་མདའ་ནི་སྔར་བོད་ས་གནས་སྲིད་

གཞུང་གི་དཔོན་གནས་རིམ་པ་བཞི་བ་ཡན་གྱིས་གྱོན་ཆོག་པའི་དབྱར་ཞྭ་ཞིག་ཡིན་པ་དང་། ཞྭ་འབོག་ནི་སྔར་བོད་ས་

གནས་སྲིད་གཞུང་གི་ལས་ཀྱི་སྣེ་མོར་འཁོད་པ་རིམ་པ་ལྔ་པ་མན་གྱིས་གྱོན་རྒྱུའི་ཞྭ་མོ་སེར་པོ་སྒོར་ཞིག་ཡིན།   དཔོན་

ཞྭའི་ཟུར་གཏོགས་སུ་བཞག་ཆོག་པའི་རྒྱུ་འབྱོར་དབང་ཐང་ཅན་གྱི་བཙུན་མོ་དང་སྲས་མོའི་ཞྭ་ལ་ཡིག་ཐོག་གི་ངེས་

གཏན་མེད་མོད་ཀྱང་ཀུན་ཏུ་ཁྱབ་པའི་སྲོལ་རྒྱུན་ལྟར་ན་སྤ་ཕྲུག་དང་བྱུར་ཞྭ། སྤོས་ཞྭ་སོགས་ནི་མོ་ཞྭའི་མཆོག་ཏུ་བརྩི་

སྲིད།  སྤ་ཕྲུག་ནི་དབུས་གཙང་ས་ཆར་དར་ཆེ་བའི་མོ་ཞྭ་ཞིག་ཡིན་ཏེ་བྱུ་རུའི་སྤ་ཕྲུག་དང་མུ་ཏིག་སྤ་ཕྲུག་སོགས་རྒྱན་

ཆ་མི་འདྲ་བ་བཞིན་དུ་མིང་ཡང་མི་མཚུངས་ལ་དབྱིབས་གཟུགས་ཀྱང་ཟླུམ་པོ་དང་རྭ་དབྱིབས། སུམ་ཚུགས་སོགས་སྣ་

ཚོགས་ཤིག་ཡོད། ངག་རྒྱུན་དུ་སྤ་ཕྲུག་གི་དབྱིབས་ནི་ཨ་ཀྱོ་བས་ཁུར་བོ་འཁུར་བྱེད་ཀྱི་ཅོལ་ཙིའི་ཚུགས་ཀ་གཞིར་བཟུང་

ནས་ལས་བར་བཤད་ལ། ཐོག་དང་པོར་ཙོང་ཁ་བ་དབུས་གཙང་དུ་ཕེབས་དུས་སུ་ཀུན་གྱི་དད་པའི་ཀློང་ལས་གསར་

རྩོམ་གྱི་བློ་སྒོ་ཕྱེས་ཏེ་བྱུང་བར་གྲགས།   དཔལ་མགོན་སྐྱབས་ཀྱིས་བཤད་རྒྱུར། ཆེད་མཁས་པ་རྣམ་པས་རྒྱུས་ལོན་

བྱུང་བ་ལྟར་ན་བོད་ཀྱི་རྒྱལ་རབས་དགུ་པ་པུ་དེ་གུང་རྒྱལ་གྱིསབསེ་རྭའི་གསེར་ཞྭགོན་ཞིང་འབངས་མིསརྭ་ཞྭགོན་པ་ནི་ཆེས་སྔ་བའི་བོད་ཞྭ་རྣལ་མ་ཡིན་འདོད་པ་དང་ཁྲིམས་སུ་བཀོད་པའིརྡོ་ཞྭ བྱུང་དུས་ཅུང་འཕྱི་བར་སྣང་།

རྨོག་ཅེས་པ་དམག་ཞྭ་གཙོ་བོ་ཡིན་ཏེ། དེང་སྐབས་ད་རུང་མཐོང་རྒྱུ་ཅུང་མང་། ཡུལ་ཤུལ་ཁུལ་གྱི་དགོན་པ་ཞིག་གི་

ནང་དུ་གེ་སར་དང་ཚ་ཞང་འདན་མ་གཉིས་ཀྱི་རྨོག་ཡིན་ཟེར་བ་ཡོད་ལ། གཉིས་ཀར་ཁྱད་པར་ཆེན་པོ་མེད། དར་

ལག་རྫོང་དུ་བཞེངས་ཡོད་པའི་གེ་སར་རྒྱལ་བོའི་སེང་འབྲུག་སྟག་རྩེའི་ཕོ་བྲང་ལས་དཔའ་རྟུལ་སུམ་ཅུའི་རྨོག་ཚང་

མ་ཕལ་ཆེར་དབྱིབས་མཚུངས་ལ། གཙོ་བོ་གཙུག་དར་གྱི་མདོག་དང་གྲངས་ཀས་དམག་རུ་བཀར་བ་ཡིན་པར་སེམས། ལྷ་སའི་ནོར་བུ་གླིང་ཁར་ཉར་ཚགས་བྱས་ཡོད་པའི་གསེར་རྨོག་དེ་སྲོང་བཙན་གྱི་ཡིན་པར་གྲགས་ཤིང་གསེར་མདོག་

གི་གཟི་འོད་ཕྱོགས་ཀུན་ཏུ་འཕྲོས་འདུག དེང་སྐབས་ད་རུང་དངོས་སུ་མཐོང་རྒྱུ་ཡོད་པའི་བེམ་ཞྭ་ནི་རྨོག་འགྱུར་ནས་

དར་བར་བཤད་ལ། དབྱིབས་རྣ་བཞི་དང་ཅུང་ཙམ་མཚུངས་ཤིང་བཟོ་བྱེད་ཀྱི་རྒྱུ་ནི་མཉེན་ཞིང་སྲ་ཐུབ་ཅན་ཞིག་ཡིན་

ལ། དམངས་ཁྲོད་ནས་བསེ་ཐེབ་ཟེར། སྒྱུ་རྩལ་པའི་ཞྭ་ནི་དམངས་ཁྲོད་ཀྱི་ཟློས་གར་དང་འཆམ་ལ་སོགས་པའི་འཁྲབ་

སྟོན་སྣ་ཚོགས། གཞན་ད་རུང་སྒྲུང་དང་ས་གནས་ཀྱི་རྩེད་མོ་མི་འདྲ་བའི་འཁྲབ་སྟོན་དགོས་དབང་དང་བསྟུན་པའི་

གྱོན་ཞྭ་སྣ་ཚོགས་ཡིན། དཔེར་ན་ལྷ་མོ་ཟློས་གར་འཁྲབ་པའི་སྐབས་ཀྱི་ཞྭ་མོ་མང་ཆེ་ཤོས་འཚོ་བ་དངོས་གཞིར་བཞག་

བས་ཐོག་སྒྱུ་རྩལ་གྱི་རྟོག་བཏགས་ཚད་མཐོ་འབྲིང་བར་གསུམ་བྱས་ཏེ་རྒྱལ་པོའི་གསེར་ཞྭ། བཙུན་མོའི་གཡུ་ཞྭ། གཡོག་

པོའི་ཕྱིང་ཞྭ་སོགས་གྱོན་ཡོད་ལ། འཆམ་གྱི་ནང་ནས་གཟུགས་བཪྙན་མི་འདྲ་བའི་གདོང་འབོག་ཞྭ་དང་བཅས་པ་ཡང་

སྐབས་སུ་བབས་པའི་དགོས་དབང་ལྟར་ཆ་ཚང་དུ་གྱོན་ཡོད། སྒྲུང་ཞྭ་ནི་གེ་སར་སྒྲུང་བཤད་པའི་སྒྲུང་བ་ཚོའི་མཚོན་

རྟགས་ཤིག་ཡིན། འབབ་སྒྲུང་ལ་མཚོན་ན་སྒྲུང་བཤད་པའི་སྐབས་སུ་སྒྲུང་ཞྭ་དམིགས་བསལ་ཅན་དེ་གོན་ཚེ་སྒྲུང་ལྷུག་

པོར་བབས་ནས་བཤད་ན་ཚར་རྒྱུ་མེད་པ་དང་། ཡངཧོར་གླིང་གཡུལ་འགྱེད ཀྱི་དེབ་སྨད་ཆའི་ནང་དུ་ཞྭ་

མོར་བཤད་པ་བརྒྱབ་ཡོད་པའི་ཤོག་ངོས་ཉི་ཤུ་ལྷག་ཡོད། དེ་ཡང་གཙོ་བོ་ཞྭ་མོའི་འདྲ་དཔེ་བླངས་ཚུལ་ནས་བཟོ་བས་

འཚེམ་བཟོ་བྱས་ཚུལ། དེ་ནས་གྱོན་ཚུལ་སྣ་ཚོགས་དང་དེ་དག་རེ་རེས་དོན་ཅི་ཞིག་མཚོན་པ་སོགས་རྒྱས་པར་བྲིས་

ནས་སྒྱུ་རྩལ་པའི་ཞྭ་ཡི་ཚབ་དོད་ཀུན་གྱི་སྤྱན་སྔར་བཞེངས་ཡོད། དེར་བརྟེན་སྒྱུ་རྩལ་པའི་ཞྭ་མོའི་རྩེར་སོན་པའམ་

ཚབ་བྱེད་རང་བཞིན་ལྡན་པ་ནི་སྒྲུང་ཞྭ་རེད་ཟེར་ཆོག བླ་མ་དང་དགེ་འདུན་པ་རྣམས་ཀྱི་ཆོས་གོས་ནི་ཆོས་འདུལ་

བའི་ལུགས་ལྟར། སྟོན་པ་ཤཱཀྱ་ཐུབ་པའི་ན་བཟའི་བཟོ་དབྱིབས་དང་། ཡུལ་གྱི་གནམ་གཤིས་ལ་བརྟེན་ནས་སྣམ་བུས་

བཟོས་པ་དང་རྗེས་སུ་རྒྱས་སྤྲོས་བྱས་ཏེ་གོས་ཆེན་སོགས་སུ་གྱུར་བར་སེམས་ལ། དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་

གསུམ་གྱི་ནང་དུ་ཞྭ་མེད་གསུངས། ཡིན་ཡང་།   རྒྱ་བལ་གྱི་པཎ་གྲུབ་རྣམས་ཀྱིས་ཞྭ་དམར་རམ་པཎ་ཞྭ་སྣེ་རིང་ལ་

སོགས་པ་བཞེས་པ་ལྟར། བོད་ལ་ཡང་པཎ་ཞྭ་དང་རྒྱལ་བ་རིགས་ལྔའི་དབུ་ཞྭ། བོན་ཞྭ། འབོ་ཞྭ། སྒོམ་ཞྭ། ཇོ་ཞྭ། བྱང་

ཆུབ་སེམས་ཞྭ། གཅོད་ཞྭ། ཐང་ཞྭ། ཞྭ་ཟླུམ། ས་ཞྭ། ཞྭ་ནག པད་ཞྭ། རྩེ་ཞྭ་སོགས་བཟོ་དབྱིབས་མི་འདྲ་བ་སྣ་ཚོགས་ཤིག་

དར་འདུག རྩེ་ཞྭ་ལ་ཡང་སྒྲོ་རྩེ་མ་དང་བླ་མ་སྒྲོ་རྩེ། སྒྲོ་ལུགས་བཅས་ཚོས་གཞི་སེར་པོ་དང་དམར་པོ་གཉིས་སུ་འདུག སྔར་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་མཁན་པོའི་གསོལ་དཔོན་གྱི་ཞྭ་མོ་སྟེ་ཞྭ་ཙོག་ཞྭ་དཀར་ནི་སྔར་བོད་ཀྱི་རྩེ་དྲུང་

གི་མཛད་སྒོར་གྱོན་རྒྱུའི་དབྱར་ཁའི་ཞྭ་མོ་ཡིན་ལ། གྲྭ་པ་རྣམས་ཀྱིས་དབྱར་ཁ་གྱོན་པའི་ཞྭ་ཞིག་ཀྱང་ཡིན།   སྤྱིར་

བླ་གྲྭ་རྣམས་ལ་དབུ་ཞྭ་མེད་མོད་ཀྱང་དགོས་དབང་ག་གེ་མོར་བརྟེན་ནས་དར་ཞིང་། དེང་སྐབས་གྲུབ་མཐའ་མི་འདྲ་

བའི་མཚོན་རྟགས་སུ་གྱུར་འདུག་པ་ཡང་ཡོད་པ་དཔེར་ན། དགེ་ལུགས་པ་ལ་ཞྭ་སེར་བ་ཡང་ཟེར་ཞིང་། རྒྱུ་མཚན་ནི་

སྔོན་གྱི་འདུལ་འཛིན་པ་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་ཤིང་། ཕྱིས་སུ་འདུལ་བའི་ལུགས་སྲོལ་ཉམས་པ་གསོ་ཕྱིར་

བུ་སྟོན་རིན་ཆེན་གྲུབ་ཀྱིས་སྲོལ་བཏོད་པ་དང་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་དར་རྒྱས་ཆེ་བར་གཏོང་ཆེད་དབུ་

ཞྭ་སེར་བོ་མནབས་པར་བརྟེན་དེ་ལྟར་གྲགས་པ་རེད།   ཞྭ་ནག་ནི་དགོན་པའི་གར་འཆམ་ལ་སོགས་པའི་སྐབས་སུ་གྱོན་ཞིང་སྔགས་པ་ཕུར་ཐོགས་ཅན་གྱི་ཞྭ་མོ་ཞིག་ཀྱང་

ཡིན། ཞྭ་ནག་པ་ནི་ཀརྨ་པཀྵི་ལ་ཧོར་རྒྱལ་བོས་ལས་ཀའི་ཞྭ་ནག་གསེར་མདོག་ཅན་ཞིག་གནང་བས་དེ་ཕྱིན་གྱི་སྐྱེ་

བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས། གཞན་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་དགུང་ལོ་བཅུ་དྲུག་སྐབས་མཁན་

པོ་མཆོག་གི་བླ་མ་ལས་རབ་བྱུང་གི་སྡོམ་པ་བཞེས་པའི་ཚེ་ཡེ་ཤེས་ཀྱི་ཊ་ཀི་མ་དང་དཔལ་འཁོར་ལོ་སྡོམ་པའི་ལྷ་

ཚོགས་ཀྱི་མཁའ་འགྲོའི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་གི་ཅོད་པཎ་བཅིངས་པ་ཡིན་ཞེས་གཞན་ལས་ཁྱད་དུ་

འཕགས་པའི་དབུ་ཞྭ་ཞིག་ཡོད་པ་དང་། ཡང་དྲུང་དེ་བཞིན་གཤེགས་པ་དང་བྱམས་ཆེན་ཆོས་རྗེའི་དབུ་ཞྭ་ནག་

པ་དེ་ནི་ཏཱ་མིང་རྒྱལ་རབས་ཡུང་ལོའི་སྐབས་རྒྱ་ནག་གི་རྡའོ་སེ་ཞེས་པའི་བླ་མེན་ཚོའི་ཞྭ་མོ་ལ་དཔེར་བྱས་ཏེ་བཟོས་

ནས་ཕུལ་བར་གྲགས།   ཞྭ་དམར་པ་ཞེས་པ་ཡང་རབ་བྱུང་དྲུག་པའི་སྐབས་སུ་ཀརྨ་རང་བྱུང་རྡོ་རྗེའི་དངོས་སློབ་

རྟོགས་ལྡན་གྲགས་པ་སེང་གེ་ལ་ཧོར་རྒྱལ་བོས་ལས་ཞྭ་དམར་པོ་གནང་བས་དེའི་བླ་བརྒྱུད་ལ་ཞྭ་དམར་བ་ཟེར།  བླ་

མ་དང་དགེ་འདུན་པའི་དབུ་ཞྭ་སྣ་མང་ཞིང་རིགས་མི་འདྲ་ཡང་རེ་རེ་བཞིན་ཚུལ་ལྡན་ཆོས་པའི་བརྟན་བརླིང་བབ་

ཆགས་དང་དྲི་མས་མ་གོས་པའི་ཁྱད་ཆོས་ལྡན་པར་མ་ཟད།      མཚོན་བྱ་མཚོན་བྱེད་ཀྱི་གཏམ་རྒྱུད་སྙན་མོ་ཡང་

འདྲེན་རྒྱུ་ཡོད་པས་ཅི་འདོད་དུ་བཟོས་པ་ཞིག་གཏན་ནས་མིན། ཞྭ་མོ་དེ་དག་གི་བྱེད་ལས་ཀྱང་གྲུབ་མཐའི་རིགས་

སམ་དགེ་འདུན་པའི་ཐོབ་དང་གོ་ས། ཆོས་ཀྱི་མཛད་སྒོའམ་ཆོ་ག་མི་འདྲ་བ་དག་རྣམ་པར་མཚོན་པས་མི་ཚད། ད་

རུང་ཆོས་ཕྱོགས་ཀྱི་དགོངས་དོན་ཟབ་མོ་སྟོན་གྱིན་འདུག   ས་སྐྱ་པ་ལ་གཏམ་རྒྱུད་ངོ་མ་ཞིག་ཡོད་དེ་ས་སྐྱ་གོང་

མ་རྣམ་པས་ཐོག་མ་ནས་པཎ་ཞྭའམ་སྡེ་སྣོད་གསུམ་གྱི་དབུ་ཞྭ་མནབས་ཡོད་མོད་ཀྱང་ས་སྐྱ་བསོད་ནམས་རྩེ་མོས་ས་

ཆེན་ཀུན་དགའ་སྙིང་བོར་མྱ་ངན་ཞུ་ཆེད་ཞྭ་རྩེ་བཅད་པ་རེད། དེའི་རྗེས་ཀྱི་ས་སྐྱ་པཎྚི་ཏས་ཀྱང་དབུ་རྩེ་མེད་པའི་

པཎ་ཞྭ་མནབས་འདུག ས་ཆེན་ཀུན་དགའ་བཟང་བོའི་དུས་སུ་བསྟན་པ་སླར་ཡང་དར་བའི་རྟེན་འབྲེལ་གྱི་ཆེད་དུ་

ཞྭ་ལུང་ཡར་ཐོད་དུ་བསྣོལ་ཞིང་། ཐབས་ཤེས་གཉིས་ལྡན་ལས་ཐབས་གཙོ་བོ་འཛིན་པ་ན་ཞྭ་ལུང་གཡས་མ་གཡོན་

ཐོག་ཏུ་བསྣོལ་བ་དང་། དེ་ལས་ལྡོག་སྟེ་ཤེས་རབ་གཙོ་ཆེ་ན་ཞྭ་ལུང་གཡོན་མ་གཡས་ཐོག་ཏུ་སྣོལ་བའི་སྲོལ་དར།

 དཔལ་མགོན་སྐྱབས་ལགས་ཀྱིས་བཤད་རྒྱུར། ང་ཚོའི་བོད་མི་རིགས་ཀྱི་གྱོན་ཆས་ཞྭ་དང་བཅས་པ་ནི་དུས་ཡུན་

རིང་བོའི་འཚོ་བའི་ཁྲོད་རང་གི་རིག་གནས་ཁྱབ་ཁོངས་སུ་དར་མགོ་ཚུགས་པ་དང་ཕུན་ཚོགས་སུ་འཕེལ་བས་ཞྭ་

མོའི་དབྱིབས་གཟུགས་དང་རྒྱུ་སྤུས། དེ་དང་འབྲེལ་བའི་རྒྱན་ཆ་སོགས་ལས་དུས་ཀྱི་ཁྱད་ཆོས་དང་འགྱུར་བ་མཚོན་

ཡོད་ལ། མི་ཡི་འདུ་ཤེས་དང་དགའ་ཕྱོགས་ཀྱང་མངོན་ཡོད།   བོད་ཞྭ་སྤྱི་ལ་གཞིགས་ཚེ་འབངས་ཞྭ་དང་དཔོན་

ཞྭས་ཐོབ་གོ་ས་དང་རྒྱུ་ནོར་ལོངས་སྤྱོད་ཀྱི་ཆུ་ཚད་བསྟན་ནའང་ཆོག དགེ་འདུན་པའི་ཞྭ་ཡིས་གྲུབ་མཐའ་དང་ལས་

སྒོ་མཚོན་ཡང་རུང་། སྒྱུ་རྩལ་པའི་ཞྭ་ཡིས་སྒྲོ་འདོགས་དང་འཁྲུལ་སྣང་བསྟན་པ་དང་། དམན་ཞྭ་ཡིས་བརྗིད་ཉམས་

དང་དཔའ་རྟགས་མཚོན་པ་སོགས་ཞྭ་མོ་གང་ཞིག་ཡིན་རུང་བཀོལ་སྤྱོད་ནས་མཛེས་ཆོས་ཀྱི་ཆོས་ཉིད་མ་ལྡོག་པར་

ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་མཛེས་ཆོས་ལྟ་བ་དང་འཚོ་བའི་སྤྲོ་སྣང་མངོན་པ་དང་མཉམ་དུ་ཆོས་སྲིད་

ལ་སོགས་པའི་དོན་སྙིང་ཟབ་མོར་ཞུགས་ཏེ་གངས་ཅན་རིག་གནས་ཀྱི་དམིགས་བསལ་མཚོན་རྟགས་སུ་གྱུར་ཡོད་

པར་སྣང་ངོ་།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།