བུད་མེད་འདེམས་མི་རུང་།

13/07/2009 10:30

བཀའ་ཁྲིར་བུད་མེད་འདེམས་མི་རུང་།

རྩོམ་པ་པོ།  ཚེ་རིང་སྐྱིད།

ཚེས་ ༡༦ ཉིན་ང་རང་ཤེས་རབ་དགའ་ཚལ་སློབ་གླིང་གི་རང་དབང་གླེང་སྟེགས་སུ་བོད་ཀྱི་བུད་མེད་ཅེས་པའི་

བརྗོད་གཞིའི་འོག་བགྲོ་གླེང་ལ་སོང་བ་ཡིན། ངས་བོད་ཀྱི་བུད་མེད་ཚོའི་འགན་འཁྲིའི་འདུ་ཤེས་གོང་མཐོར་གཏོང་

དགོས་པའི་ཐད་སྐད་ཆ་ཉུང་ཙམ་བཤད་རྗེས། དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་བྱས་པ་ཡིན།  སྐབས་དེར་སློབ་

གྲོགས་ཤིག་གིས།ད་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་བཤད་མཁན་མང་པོ་འབྱུང་གིན་ཡོད་ལ། དེ་

བཞིན་གཞུང་གིས་ཀྱང་བུད་མེད་ཚོའི་ནུས་ཤུགས་སྤེལ་དགོས་པར་གསུང་གིན་ཡོད་པ་རེད། ངའི་ཁོར་ཡུག་གི་མི་

མང་པོ་ཞིག་ལ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་བུད་མེད་ཅིག་འདེམས་དགོས་པའི་བསམ་ཚུལ་ཡང་འདུག

  ཁྱེད་རང་གི་ངོས་ནས་དེར་བསམ་ཚུལ་གང་ཡོད་དམ།  ཞེས་དྲིས་བྱུང་།   དྲི་བ་འདི་ནི་ཏག་ཏག་ངས་ནམ་རྒྱུན་

བསམ་བློ་གཏོང་ས་ཞིག་ཡིན་ལ།    དུས་རྒྱུན་དུ་རི་བོང་ཅལ་འདྲོགས་ཀྱི་སློབ་ཚན་ལྟར་འུར་དང་འདྲོགས་ལ་དགའ་

བའི་སྤྱི་ཚོགས་འདིའི་ཁྲོད་དུ་སེམས་ཁྲལ་དང་བློ་འཚབ་ཆེ་ཤོས་ཞིག་ལ་ཡང་ཆགས་ཀྱིན་ཡོད། འདས་པའི་ལོ་ཤས་

སྔོན་ནས་བོད་ཕྱི་ནང་གང་དུ་ཡང་བོད་ཀྱི་བུད་མེད་ཀྱི་ལས་དབང་གླེང་མཁན་མང་དུ་བྱུང་ཡོད་ལ། དེ་ཡང་ལོ་

རྒྱུས་དང་བྱུང་བ་བརྗོད་པ་ནས་ཤར་དང་ནུབ་སོགས་ཀྱི་ལུང་དང་རིགས་པའི་སྒོ་ནས་དཔྱད་གླེང་གང་མང་བྱེད་

ཀྱིན་ཡོད་ལ།      དམིགས་བསལ་གྱིས་སྔར་ལོར་བོད་གཞུང་བཀའ་ཤག་གིས་ཀྱང་བོད་ཀྱི་བུད་མེད་ཚོའི་ནུས་

ཤུགས་སྤེལ་བ་ཞེས་པའི་སྲིད་ཇུས་ཤིག་ཀྱང་གཏན་འབེབས་གནང་ཡོད། དེ་བཞིན་འདས་པའི་ལོ་ཤས་ནང་དུ་

བོད་ཕྱི་ནང་གི་བུད་མེད་གང་མང་གིས་ཀྱང་བསམ་ཚུལ་འདྲ་མིན་སྤེལ་གྱིན་ཡོད་ལ། ཁག་ཅིག་གིས་བོད་ཀྱི་བུད་

མེད་ཚོར་ཐོབ་ཐང་དང་འདྲ་མཉམ་མེད་པ་ནི་སྲོལ་རྒྱུན་གྱི་སྤྱི་ཚོགས་དང་སྐྱེས་པ་ཚོའི་སྒེར་གཅོད་ཀྱི་བསམ་བློ་

ལན་པར་བརྩི་གིན་ཡོད་ལ། ཁག་ཅིག་གིས་བུད་མེད་རང་ཉིད་ཀྱིས་མ་འཇོན་པར་བརྩི་གིན་ཡོད། ང་ལ་མཚོན་ན་

བོད་ཕྱི་ནང་གི་འཚོ་བ་རོལ་ཕྱོགས་དང་རིག་གནས་ཁོར་ཡུག་གི་ཁྱད་པར། ཡིག་རྨོངས་པ་དང་ཡིག་རྨོངས་པ་མིན་

པ་སོགས་གནས་སྟངས་མ་འདྲ་བ་མང་པོ་ཞིག་གིས་བཟོས་པའི་རང་རང་གི་ཁྱད་ཆོས་དང་གོ་རིམ་གླེང་གིན་ཡོད་

ལ། དེ་བས་ཀྱང་ང་རང་གི་ངོས་ནས་གལ་ཆེ་བ་ནི་བོད་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་ཀྱི་སློབ་གསོ་ལ་རག་

ལས་ཡོད་པར་བརྗོད་ཀྱིན་ཡོད། བོད་ཀྱི་བུད་མེད་ཚོའི་འགན་འཁྲིའི་འདུ་ཤེས་ཀྱི་སློབ་གསོ་ཉུང་དྲག་པ་དང་།

དེ་བཞིན་འགན་འཁྲིའི་འདུ་ཤེས་ཀྱི་མིག་རྒྱང་ཐུང་དྲག་པར་ངོས་འཛིན་གྱིན་ཡོད། ང་ཚོས་ངེས་པར་ཤེས་དགོས་

པ་ཞིག་ལ་བོད་ཕྱི་ནང་གི་བུད་མེད་ཀྱི་གནས་སྟངས་གཏན་ནས་མི་འདྲ་ལ། བོད་ཕྱི་ནང་གི་བུད་མེད་ཚོའི་འགན་

འཁྲིའི་འདུ་ཤེས་དང་ཕུགས་བསམ་ཡང་ཕྱོགས་མཚུངས་མིན། དེ་བས་ངས་རང་དབང་གི་སྤྱི་ཚོགས་འདི་ནས་བོད་

ཀྱི་བུད་མེད་ཚོས་མི་རིགས་དང་སྤྱི་ཚོགས། རང་ཉིད་བཅས་ཀྱི་ཕྱོགས་སུ་འགན་འཁྲིའི་འདུ་ཤེས་བརྟན་པོ་ཡོད་དགོས་

པ་བྱ་རྒྱུ་དང་། རང་ཉིད་ཀྱི་བསམ་བློ་དང་སྤྱི་ཚོགས་ཁྲོད་ཀྱི་མིའི་བསམ་བློ་ལ་རྒོལ་རྡུང་བྱ་དགོས་པར་ངོས་འཛིན་གྱིན་

ཡོད།

    བཙན་བྱོལ་བོད་གཞུང་གི་སྡེ་ཚན་གང་སར་བོད་ཀྱི་བུད་མེད་ཚོར་ས་མིག་དམིགས་བསལ་བ་མང་པོ་ཡོད་པས།

གཅིག་བྱས་ན་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་སུ་ཡང་བུད་མེད་ལ་དམིགས་བསལ་སྤྲོད་ངེས་མོད། ཡིན་ན་

ཡང་ང་ལ་མཚོན་ན་དམིགས་བསལ་ཞེས་པ་ནི་གང་ཞིག་གིས་ཅི་ཞིག་ལ་ནུས་པས་མ་འདང་དང་སྙིང་རྗེ་ཆེན་པོས་

དམིགས་བསལ་སྤྲོད་ཀྱིན་པའི་སྣང་ཚུལ་ལམ་ཚོར་བ་ཞིག་འབྱུང་གིན་འདུག དེ་བས་གལ་ཏེ་བོད་ཀྱི་བུད་མེད་ཚོར་

དམིགས་བསལ་ས་མིག་སྤྲོད་རྒྱུ་མང་དྲགས་ན་སྤྱི་ཚོགས་སྤྱིའི་བྱེད་སྒོ་མང་པོར་འཐུས་ཤོར་འགྲོ་ངེས་པས། བུད་མེད་

ཚོའི་འཚར་ལོངས་ཀྱི་རྒྱུད་རིམ་ཁྲོད་དུ་བསམ་བློའི་སློབ་གསོ་ཡི་རྨང་གཞི་བརྟན་པོ་འཛུགས་དགོས་པ་དང་དེ་བཞིན་

འགན་འཁྲིའི་འདུ་ཤེས་ལྡན་པའི་བུད་མེད་མང་པོ་གསོ་སྐྱོང་བྱ་དགོས་པ་གལ་ཆེ་བར་མཐོང་གིན་ཡོད། འདི་ལྟར་

བུད་མེད་རྣམས་ལས་རིགས་ཁག་ཏུ་ཞུགས་པར་དམིགས་བསལ་སྤྲོད་དགོས་པའི་སྤྱི་ཚོགས་འདི་འདྲ་ཞིག་གི་ནང་

དུ་ང་ཚོའི་མི་རིགས་ཀྱི་སྣེ་འཁྲིད་མཁན་དང་འགན་འཁུར་ཐུབ་མཁན་གྱི་བུད་མེད་སྐྱེས་སྦྱང་ཡོན་ཏན་ཅན་སུ་ཡོད་

དམ།

     ང་ཚོའི་བཀའ་བློན་ཁྲི་པ་ནི་ཨ་རིའི་སྲིད་འཛིན་ལས་ཀྱང་གལ་ཆེ་ལ། དེ་ལས་ཀྱང་འགན་འཁྲིའི་འདུ་ཤེས་ལྡན་

ལ་སྐྱེས་སྦྱང་ཡོན་ཏན་ལྷག་བསམ་འཛོམས་པ་ཞིག་དགོས་ཀྱིན་ཡོད། རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཚོས་རང་ལ་རྒྱལ་

ཁབ་ཀྱི་མངའ་ཁོངས་དང་མི་རིགས།    དཔལ་འབྱོར་དང་རིག་གནས་སོགས་གང་ཡོད་པ་དེ་གཞི་ལ་བཞག་ནས་དེ་

ལས་ཡར་རྒྱས་དང་རྒྱ་བསྐྱེད་བྱ་ཐུབ་བྱུང་ན་རབ་དང་། མ་ཐུབ་ཀྱང་གང་ཡོད་པ་དེར་སྒྲིག་འཛུགས་དོ་དམ་ནན་མོ་

བྱེད་པ་ཙམ་གྱིས་འཐུས་ཀྱིན་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་ཕ་ཡུལ་གཞན་གྱི་ལག་ཏུ་ཡོད་ལ། ང་ཚོའི་བུ་རབས་ཚ་

རྒྱུད་ཀྱི་བསམ་བློའི་སློབ་གསོ་ལ་ཡང་བསླུ་བྲིད་ཤོར་ཡོད་པ། ད་དུང་མི་རིགས་ཁ་འཐོར་ལ་སོང་ནས་རིག་གནས་ཉམས་

རྒུད་དང་ཕ་ཡུལ་གཞན་གྱིས་བཟུང་བས་ཁོར་ཡུག་གཏོར་སྐྱོན་སོགས་ཡོད་ཚད་ཤོར་ཚར་བའི་གཞན་ཡུལ་གྱི་སྐྱབས་

བཅོལ་བ་ཡིན་ལ།            ང་ཚོའི་བཀའ་བློན་ཁྲི་པ་ནི་ཤོར་ཚར་བ་དེ་དག་གི་ཆེད་དུ་མི་རིགས་འདིའི་འཐབ་རྩོད་

ཀྱི་སྣེ་ཁྲིད་དེ་ཕ་ཡུལ་ལ་ལོག་ཐུབ་པར་ལམ་ཁ་ཉེ་རུ་བཟོ་མཁན་ཞིག་ཡིན་དགོས།     དེ་བས་ང་ཚོའི་བཀའ་བློན་

ཁྲི་པ་ནི་ཨ་རིའི་སྲིད་འཛིནལས་ཀྱང་གལ་ཆེ་བ་ཡོད་པས་ཨ་རིའི་སྲིད་འཛིན་ལས་ཀྱང་སྐྱེས་སྦྱང་ཡོན་ཏན་དང་

དཔའ་དང་རིག་པ་ལྡན་པ་ཞིག་ཡིན་དགོས། དེ་བས་ང་ཚོའི་བཀའ་བློན་ཁྲི་བར་བུད་མེད་ཅིག་ཡོང་ཐབས་གཏན་

ནས་མེད་ལ། མ་མཐར་ཡང་ད་ལྟའི་ཆར་རེ་བ་གཏན་ནས་རྒྱག་མི་ཉན། རྒྱུ་མཚན་ནི་ང་ཚོས་བློ་གཟུ་བོའི་སྒོ་ནས་

ཤེས་འཇོན་དང་འགན་འཁྲིའི་འདུ་ཤེས་ལྡན་པའི་བུད་མེད་ཅིག་འཚོལ་དགོས་ན་དམིགས་བསལ་མ་སྤྲད་ཚེ་གཏན་

ནས་མེད་པས་ཡིན་ནོ། སྤྱི་ཚོགས་ཁྲོད་དུ་འུར་ལངས་ནས་འདྲོགས་བཞིན་པའི་མི་ཚོས་བསམ་བློ་གསར་བརྗེ་ཡིན་

མདོག་དང་དེང་རབས་ཀྱི་བསམ་བློ་ལྡན་མདོག གུ་ཡངས་པོ་ཡིན་མདོག་གིས་བཀའ་བློན་ཁྲི་པ་བུད་མེད་ཅིག་ཡོང་

དགོས་པར་བརྗོད་ཀྱང་། མི་དེའི་རིགས་ཀྱིས་མི་རིགས་དང་སྤྱི་ཚོགས། རིག་གནས་དར་སྤེལ་དང་མི་རབས་གསར་བ་

སོགས་ཕར་ཞོག ཐ་ན་རང་གིས་རང་ཉིད་ལ་འགན་ལེན་རྒྱུའི་འདུ་ཤེས་ཙམ་ཡང་མེད་པར་འདོད། ང་བུད་མེད་ཅིག་

ཡིན་པས་ང་ནམ་ཡང་བུད་མེད་ཀྱི་ཕྱོགས་ནས་ལངས་དགོས། ངས་བུད་མེད་རྣམས་སྐྱོར་དགོས། ཡིན་ཡང་མི་རིགས་

ཤིག་གི་གནད་དོན་དང་ཁེ་ཕན་ནི་བུད་མེད་ཀྱི་ཕྱོགས་རིས་ཙམ་ལ་བརྗེ་རུང་བ་ཞིག་ག་ལ་ཡིན། མི་རིགས་ཀྱི་འགན་

འཁྲིའི་འདུ་ཤེས་ནི་འཇིག་རྟེན་གྱི་ཆེས་རྩ་ཆེ་ལ་ཆེས་བཀུར་བར་འོས་པའི་མིའི་ཕུགས་བསམ་དང་བསམ་བློ་ཡིན་པར་

འདོད་པས། ང་ཚོས་རང་གི་གདོང་མདོག་ངོ་མ་མཐོང་བར་གནང་དགོས་ལ། མེ་ལོང་ངོས་ཀྱི་ཐལ་རྡུལ་རྣམས་གཙང་

མར་བཟོས་ནས་རང་གིས་རང་ཉིད་ལ་གསལ་བོར་ལྟ་དགོས་སོ།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།