བདེན་གཏམ་སྨྲ་བ།

25/10/2009 10:19

བདེན་གཏམ་སྨྲ་བ།

               སྙིང་སྟོབས་ནི་ཅི་ཡང་མེད་པར་སྨྲ་བའི་རྟོག་པ་མྱུར་པོ་དེ་མ་ཡིན་ལ། གང་ལའང་མི་འཛེམ་པར་སྨྲ་བའི་

བླུན་པོའི་རྒྱགས་གཏམ་ཡང་མ་ཡིན། སྙིང་སྟོབས་ནི་ཤེས་བྱའི་དེ་ཁོ་ན་ཉིད་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་དེ་མ་

ཡིན་ལ། འཇིག་རྟེན་ཐུན་མོང་གི་འདོད་ཚུལ་རྩིང་པོ་དེ་ཡང་དེ་བས་མ་ཡིན། སྙིང་སྟོབས་ནི་སྐྱེས་བུ་རེ་རེའི་རྒྱུད་ན་

རང་ཚུཊ་སུ་ཆགས་ཤིང་རྣམ་དཔྱོད་ཀྱི་དཔལ་འབར་བའི་འདུ་ཤེས་རིགས་ཤིག་ཡིན། དེར་བརྟེན། སྙིང་སྟོབས་ནི་མི་

དང་མི། མི་རིགས་དང་མི་རིགས།    ཡང་ན་གོ་ལ་དང་གོ་ལ་ཕན་ཚུན་གྱི་ཁྱད་པར་འབྱེད་པའི་ཆོས་ཉིད་ཅིག་ཀྱང་

ཡིན། ད་ལྟ་ངས་འདིར་འཆད་འདོད་པ་ནི།   ང་ཚོའི་རྩོམ་རིག་དང་ཡང་སྒོས་སྙན་ངག་ལ་མི་རིགས་ཀྱི་རིག་གནས་

སྙིང་སྟོབས་ལྡན་དགོས་པ་དེ་ཡིན།
  ཕྱི་རྒྱལ་དུ་བཞུགས་པའི་བོད་མི་ཞིག་ལ་མཚོན་ན་བཙན་བྱོལ་བོད་མིའི་སྙིང་སྟོབས་ལྡན་དགོས་པ་ཡིན་ལ།

ཕ་ས་འདིའི་ལྟེ་བར་ཆཊ་པའི་བོད་མི་ལའང་རང་སོའི་རིག་གནས་སྙིང་སྟོབས་མེད་ན་རྩ་བ་ནས་འགྲིག་ཐབས་མེད།

དེ་བས་བོད་མི་ཞིག་ལ་མཚོན་ན་བོད་མིའི་རིག་གནས་ཀྱི་སྙིང་སྟོབས་ཤིག་ལྡན་དགོས་པ་མ་ཟད།     ང་ཚོས་རང་མི་

རིགས་ཀྱི་རིག་གནས་སྙིང་སྟོབས་དེ་སྒྱུ་རྩལ་གྱི་ཐབས་ལམ་མི་འདྲ་བ་བརྒྱུད་ནས་འཛིན་པ་དང་། སྐྱོང་བ།   འཕེལ་བ་

བཅས་ཀྱི་སླད་དུ་འབད་བརྩོན་བྱེད་དགོས་པ་ཡིན།     ད་ལྟའི་དུས་སུ་སྒྱུ་རྩལ་གྱི་བརྩམས་ཆོས་རེ་འགའ་ལས་ལས་ཀ་

འདིའི་ཐད་ཅུང་ཟད་དམ་འཛིན་ཐུབ་ཡོད་པའི་རྣམ་པ་མངོན་ལ། དེ་ནི་ང་རང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་དགའ་

འོས་པ་ཞིག་ཏུ་སྙང་། དེ་ཡང་དཔེར་ན། ནག་ཆུའི་གླུ་པ་ཆོས་འཕེལ་གྱིས་བླངས་པའི་གླུ་གཞས་ཆོས་ཉིད་ལགས་

ཞེས་པ་ལྟ་བུ་དང་། མདོ་སྨད་ཀྱི་བུད་མེད་གླུ་མ་ (མིང་ནི་མི་ཤེས་བླངས་པའི་མ་ཎི་འབུམ་

(玛尼墙)ལྟ་བུ། དེ་བཞིན་རྒྱལ་ཕྱིའི་བོད་ཀྱི་གླུ་པ་མིང་ནི་དེ་ལྟར་མི་ཤེས་པར་འདུགབླངས་

པའི་རྡ་རམ་ས་ཡི་ཕོ་གཞོན་ཡིན་ན་བསམ་བྱུང་ཞེས་པ་ལྟ་བུ་ནི་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་བ་

བྱེད་པའི་གླུ་གཞས་ཤ་སྟག་ཡིན་པ་མ་ཟད། གླུ་གཞས་དེ་དག་ནི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་རྣམ་པ་གཉིས་

ཀའི་ཆ་ནས་ད་ལྟའི་དུས་རབས་ཀྱི་བོད་མིའི་རིག་གནས་དང་དངོས་པོ་གཉིས་ཀྱི་འགལ་རྐྱེན་རྔམས་པོ་ཆེ་ཞིག་ལ་

འཕིགས་པ་ཤ་སྟག་སྟེ། ལོ་རྒྱུས་དང་དོན་དངོས་ཀྱི་འགལ་རྐྱེན་མདུན་དུ་ལྷགས་པའི་དུས་རབས་ཀྱི་བོད་མིའི་དཀྱེལ་

ཆེ་ཞིང་བློ་ཁ་ཡངས་པའི་བསམ་པའི་རང་བཞིན་དང་། ཡང་ན་བོད་མིའི་རང་བཞིན་ལྷན་སྐྱེས་དང་བཅོས་མ་མ་ཡིན་

པའི་བསམ་པའི་འཁྱེར་སོ་དང་རིག་གནས་ཀྱི་སྙིང་སྟོབས་གང་ལེཊ་ཤིག་མཚོན་ཡོད་པ་ཡིན་སྙམ།   འོན་ཏེ་བརྩམས་

ཆོས་དེ་དག་ལས་མཚོན་པའི་རིག་གནས་ཀྱི་སྙིང་སྟོབས་ནི་ད་དུང་གཏིང་ཟབ་པོ་མ་ཡིན་ལ་མཚོན་སྟོབས་ཀྱང་ཤན་

ཆེ་བ་ཞིག་མ་རེད།    ལྷག་པར་དུ་ང་ཚོའི་རྩོམ་རིག་དང་ཡང་སྒོས་སྙན་ངག་གི་བརྩམས་ཆོས་ལ་མཚོན་ན་ཁ་གྲངས་

ཙམ་ལས་སྒྱུ་རྩལ་གྱི་གྲུབ་འབྲས་ཐད་བོད་མིའི་བསམ་བློའི་འཁྱེར་སོ་དང་།   རིག་གནས་ཀྱི་རྨང་གཞི།ཕུགས་བསམ་གྱི་

རེ་འདུན་དག་ཚད་གཞི་ཇི་ལྟ་བུའི་ལམ་དུ་སྙེག་ཡོད་པ་སྨྲ་སྤོབས་བྲལ་བ་ཞིག་ཏུ་ངེས།    དེ་བས་ང་རང་གི་ངོས་ནས་

བལྟས་ན།    ང་ཚོའི་མིག་མདུན་གྱི་ལས་ཀ་རླབས་པོ་ཆེ་ཞིག་ནི་ང་ཚོས་དུས་རབས་དང་མཐུན་པར་སྒྱུ་རྩལ་གྱི་བདེན་

པའི་རང་བཞིན་ལ་བརྟེན་ནས་བོད་མིའི་འཚོ་ཁམས་དང་མཐུན་པའི་རིག་གནས་རྣལ་མ་དག་འཛིན་པ་དང་། སྐྱོང་

བ། སྤེལ་བ་བཅས་ཀྱི་ཐད་བསམ་བློ་ནན་པོ་གཏོང་དགོས་པ་ཡིན།
   ད་ལྟའི་དུས་སུ་ང་ཚོའི་བསམ་བློ་གཏོང་སྟངས་ནི་ང་ཚོའི་རིག་གནས་ཀྱི་ངོ་བོའི་ཕྱོགས་ལ་མ་བརྩད་པར་

རང་ཉིད་ཀྱི་འདོད་ཕྱོགས་ཁོ་ནའི་དབང་དུ་འཆོར་བའི་དཀའ་ཉེན་ཆེན་པོ་ཡོད་པ་ཡིན། ལྷག་པར་དུ་སྒྱུ་རྩལ་རང་

ངོས་དང་སྒྱུ་རྩལ་གྱི་ལམ་དུ་ཞུགས་པའི་མི་ཞིག་ལ་མཚོན་ན་དེ་ནི་འཇིཊ་ཉེན་ཧ་ཅང་ཆེ་བ་ཞིག་རེད་།    དེ་ནི་སྒྱུ་

རྩལ་པ་ཞིག་གི་ཕུགས་བསམ་དེ་ཇི་ཙམ་བཟང་པོ་ཡིན་མོད།  ན་ཏེ་ཁོ་པར་རིག་གནས་ཀྱི་ལྟ་བ་ཡང་དག་པ་ཞིག་མི་

དབང་ན་ཕུགས་ལམ་བདེ་མོ་ཞིག་ཏུ་འབྱོར་བ་བརྗོད་ཁག་པོ་རེད་ལ།     ཁོ་པའི་སྒྱུ་རྩལ་གྱི་ཕུགས་བསམ་ནི་དེ་བས་

མངོན་དུ་འགྱུར་དཀའ། དེར་བརྟེན། ང་ཚོས་དུས་རབས་ཀྱི་རྗེས་མ་ཆོད་པའི་རིག་པ་རྟུལ་པོ་དང་། སྔོན་ཐོན་གྱི་གྲལ་

ལ་སྙེག་པའི་འདོད་པ་རྨུགས་པོ་དེ་ལས་སད་ཐབས་ལ་གཞོལ་དགོས་པ་ནི་དོན་དངོས་དང་མཐུན་པའི་སྔོན་འགྲོའི་

ལས་ཀ་གལ་ཆེན་ཞིག་ཏུ་མཐོང་། གལ་ཏེ་ང་ཚོས་མི་རིགས་རིག་གནས་ཀྱི་ལོ་རྒྱུས་དང་།   མི་རིགས་རིག་གནས་ཀྱི་

བསམ་པའི་རྨང་གཞི། མི་རིགས་རིག་གནས་ཀྱི་ཁོར་ཡུག་སྟེ། མདོར་ན་བོད་མིའི་རིག་གནས་ཀྱི་འདུ་ཤེས་དང་བསམ་

བློའི་མཛེས་དཔྱོད་ཀྱི་ཕུགས་བསམ་སོགས་ལ་རྒྱུས་མངའ་ཅི་ཡང་མེད་པའམ། དེར་ཡང་དག་པའི་ངོས་འཛིན་དང་

ཤེས་རྟོགས་བྱེད་པའི་དམིཊ་གཏད་ཅི་ཡང་མེད་པར་སེམས་བྱིང་རྒོད་ཀྱི་དབང་དུ་གོལ་བར་འགྱུར་ཚེ།དུས་རབས་

ཀྱི་རླབས་འགྱུར་དྲག་པོའི་ཁྲོད་ང་ཚོ་ནི་ནམ་ཡང་སྔོན་ཐོན་གྱི་མིང་སྐམ་པོ་ཞིག་གིས་རྨོངས་ཏེ་ལུས་པའམ།ཡང་ན་

དཀའ་ཉེན་འདི་ལས་གྲོལ་བའི་ཐར་ལམ་ཡང་དག་པ་མ་རྙེད་པས་མཐར་བདག་ཉིད་བརྙས་པའི་ལེ་ལོས་ཕྱིར་བཤོལ་

བྱ་བའི་ཅོལ་ཆུང་གི་ངང་ཚུལ་འཛིན་པ་ཙམ་དུ་ཟད་པར་ངེས།
  ང་ཚོའི་རིག་གནས་ཀྱི་རྩ་བའི་ལྟ་བ་ནི་ཞི་བ་དང་། བརྟན་པ། ཟབ་པ།ཡངས་པ་ཞིག་ཡིན་སྟབས།      དྭངས་

གཙང་དང་། འཚེ་བ་མེད་པ། བདེ་བ།ཡིད་འོང་བཅས་ཀྱི་བོད་ཀྱི་རིག་གནས་ཀྱི་འདུ་ཤེས་འདི་བཞིན་འཛམ་གླིང་སྤྱིའི་

ཕུགས་འདུན་ཆེད་དུ་དར་སྤེལ་གཏོང་བར་འབད་དགོས། ད་ཆ་ང་ཚོའི་རྩོམ་རིག་སྒྱུ་རྩལ་ལ་འཇིཊ་ཉེན་ཆེན་པོ་འཕྲད་

ཡོད་པའང་ང་ཚོའི་རྩོམ་རིག་གི་ལས་འགུལ་ཅི་འདྲ་ཞིག་ཡིན་རུང་དེར་རང་མི་རིགས་ཀྱི་རིག་གནས་སྙིང་སྟོབས་རྒྱུན་

འཛིན་བྱེད་པའི་ཤེས་རབ་རྙེད་མེད་པ་དེ་ཡིན།    ད་ཆ་བོད་ཀྱི་རྩོམ་རིག་གྱི་ལས་ལམ་ལ་གཞོལ་བའི་རྩོམ་པ་པོ་དང་།

རྩོམ་སྒྲིག་པ། དེ་བཞིན་ཀློག་པ་པོའི་ཁྲོད་དུ་ལྟ་བ་ངན་པོ་ཞིག་འབྱམས་ཡོད་པ་ནི་རང་མི་རིགས་ཀྱི་རིག་གནས་ལ་

སྲོལ་རྒྱུན་རིག་གནས་ཞེས་བརྙས་པའི་གནས་སུ་འཛིན་པ་དང་།    བོད་མིའི་བསམ་བློའི་འདུ་ཤེས་འཛིན་

སྟངས་ལ་མཐའ་གཅིག་གི་རྗེས་ལུས་སུ་དམོད་ཅིང་ནག་གསོད་གཏོང་བའི་དཀའ་ཉེན་ཆེན་པོ་སྤྲད་ཡོད།འོན་ཏེ་

དོན་དམ་དུ་མི་རིཊ་གང་དང་གང་ཡིན་ཡང་རང་མི་རིཊ་ཀྱི་རིག་གནས་ལ་བརྩི་མཐོང་བྱེད་པ་དེ་ནི་རང་བཀུར་

གྱི་ལ་རྒྱ་འཁྲུལ་མེད་ཅིག་ཡིན་ལ  །རང་བཀུར་གྱི་ལ་རྒྱ་དེ་རང་རྒྱུད་ལ་འཚགས་མིན་དེ་ཡང་རང་མི་རིཊ་ཀྱི་རིག་

གནས་དང་རིག་གནས་ཀྱི་སྙིང་སྟོབས་ཤིག་རང་རྒྱུད་ལ་སིམ་ཡོད་མེད་དེར་ཐུག་ཡོད། གལ་ཏེ་ཤེས་ཡོན་ཅན་ཞིག་

ལ་མི་རིཊ་རིག་གནས་ཀྱི་མ་གཞིའི་སྙིང་སྟོབས་ཙམ་ཞིག་ཀྱང་མ་འཛོམས་ཚེ་དེ་ནི་རང་སྟོབས་ཀྱི་བསམ་པ་མེད་

པའི་མི་རྐྱ་ཕལ་པ་ཞིག་ལ་ངེས་པར་བརྩིས་ཆོག་ཅིང་། དེ་འདྲའི་མི་བུ་ནི་སླད་མར་ཡང་དོན་དངོས་དང་

མི་འཚམས་པའི་མི་ཡ་མ་ཟུང་ཞིག་ཏུ་འགྱུར་བར་ཐེ་ཚོམ་ཅི་ཡང་མེད་དོ།   གང་ཡིན་ཟེར་ན།མི་རིགས་གང་ཞིག་

གི་རིག་གནས་ཀྱི་ལོ་རྒྱུས་དེ་ལོ་ངོ་སྟོང་ཕྲག་དུ་མའི་རིང་དར་ཞིང་ད་ལྟའི་བར་བསྲིངས་ཐུབ་པ་ནི་སྟེས་དབང་དང་

ལས་སླ་མོ་ཞིག་གཏན་ནས་མ་ཡིན་ཞིང་།དེ་ལྟ་བུའི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་ཆཊ་པའི་མི་རིགས་གང་གི་

རིག་གནས་སྙིང་སྟོབས་ཀྱང་ལོ་རྒྱུས་ཀྱི་འགལ་རྐྱེན་མང་པོའི་ལག་ལེན་ཁྲོད་བརྡར་གཅོད་ཡང་ནས་བསྐྱར་དུ་བྱས་

པ་ལས་རྙེད་པ་ཞིག་ཡིན་པའི་རྐྱེན་གྱིས་རེད།རང་རེ་བོད་ཀྱི་རིག་གནས་ལ་མཚོན་ནའང་རང་མི་རིཊ་ཀྱི་རང་བཞིན་

ཟབ་མོ་ལྡན་པའི་ཆེས་ཕུལ་བྱུང་གི་རིག་གནས་ཤིག་ཡིན་པ་ནི་གླེན་པ་ཁ་འཆམ་ནས་ཨུ་ཚུགས་བྱེད་དགོས་པ་ཞིག་

མ་ཡིན་པར་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་དང་། སྔོན་ཐོན་མི་རིགས།དེ་བཞིན་སྔོན་ཐོན་གྱི་ས་ཁུལ་དག་གིས་མ་

གྲོས་ཞེ་མཐུན་ངང་དོན་གཉེར་དང་ལག་ལེན་དུ་འགེལ་བར་ཕྱོགས་པ་འདིས་དཔོག་ཐུབ། འོན་ཀྱང་ཁ་ཅིག་དེ་ལ་

མཐོང་བ་མངོན་འགྱུར་འཇལ་བའི་མངོན་སུམ་གྱི་རིག་པ་མེད་ཅེ་ན།དེ་ནི་མིག་མདུན་གྱི་ཁེ་ཕན་ཕྲན་ཚེགས་ཀྱི་སླད་

དུ་ཤ་ཐང་དུ་འབད་པའི་མི་ལ་ནི་རང་གི་ཨ་མའི་བྱད་བཞིན་ཙམ་ཡང་མ་ངེས་པའི་ཚོད་དུ་སྣང་ན་དེ་ལྟ་ཅི་སྨྲོས་

ཀྱང་དགོས་ཏེ་མི་དགོས་སོ།  དེས་ན་ལོག་པར་རྟོག་པས་ཀུན་ནས་མནར་བའི་སྐྱེ་བོ་དག་ནི་བདེན་པའི་གཏམ་ལ་རྣ་

དབང་ཡེ་མི་གཏོད་ཅིང་། ཤེས་རབ་དམན་པ་དང་བརྩོན་འགྲུས་ཞན་པའི་སྐྱེ་བོ་ལ་ལ་ནི་རང་ངོས་ནས་བརྡར་ཤ་

གཅོད་པའི་བློ་ཅི་ཡང་མེད་པར་རྟག་ཏུ་གཞན་གྱི་ལོག་བཤད་ཀྱིས་སྦྲིད་སྟབས།བསམ་ཕྱོཊ་ཀུན་ཀྱང་གཞན་དབང་

ཁོ་ནར་གྱུར་པའི་ངང་ཚུལ་ལས་མ་འདས་ཤིང་། ལྷག་པར་ཤེས་རབ་དམན་པའི་མི་དག་ནི་དགོད་སླ་ཞིང་ངུ་ཡང་

སྐྱེན་པས་ན་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་རིག་པ་སྙོམ་པོ་དེར་ངོས་ཟིན་ཡང་དག་པ་ཞིག་བྱེད་དགོས་པ་ནི་ད་ལྟའི་

དུས་སུ་ང་ཚོའི་རིག་རྩལ་སྤྱི་དང་རྩོམ་རིག་གི་ལས་དབང་དང་ཐད་ཀར་འབྲེལ་བ་ཞིག་རེད།
  མི་ཁ་ཤས་ཀྱི་བསམ་པར།མི་རིགས་རིག་གནས་ཀྱི་སྙིང་སྟོབས་འཛིན་པ་དང་།  སྐྱོང་བ། དར་སྤེལ་གཏོང་

བ་དེ་ཀླད་རྙིང་མཁྲེགས་བཟུང་གི་བྱ་སྤྱོད་ཅིག་ཏུ་རློམས་སྲིད་མོད། འོན་ཀྱང་། རང་ངོས་ཀྱི་རིག་གནས་རྨང་གཞི་ཅི་

ཡང་མེད་པའི་མི་རིགས་ཤིག་དང་མི་རིགས་ཀྱི་རིག་གནས་དེ་ནི་དོན་དམ་དུ་མི་རིགས་གཞན་གྱི་རིག་གནས་ཀྱི་

འཁོལ་པོར་འགྱུར་བ་ལས་འོས་མེད་ལ།དེ་ལྟ་བུའི་མི་སྒེར་རམ་མི་རིགས་དེ་ཡང་མི་གཞན་དང་མི་རིགས་གཞན་གྱི་

བསམ་པ་དང་རིག་གནས་ཀྱི་དབང་དུ་འགྱུར་ཏེ་མཐའ་མ་ཁྱི་ཕག་གི་གྲལ་ལ་ཡང་མི་ཚུད་པ་ངེས་གཏན་རེད།གཞན་

ཡང་།ང་ཚོས་མི་རིགས་རིག་གནས་ཀྱི་སྙིང་སྟོབས་འཛིན་པ་དང་།སྐྱོང་བ།འཕེལ་རྒྱས་གཏོང་དགོས་ཟེར་བ་ནི་རང་མི་

རིགས་ཀྱི་མེས་པོ་གོང་མ་རྣམས་ཀྱི་རྣམ་དཔྱོད་ཀྱི་སྙིང་པོ་སྡུད་དགོས་པ་མ་ཟད།མེས་པོའི་རྣམ་དཔྱོད་ཀྱི་སྙིང་པོ་གཅིག་

ཏུ་བསྡུས་པའི་མི་རིགས་རིག་གནས་ཀྱི་སྙིང་སྟོབས་དེ་བཞིན་ང་ཚོའི་གཤིས་ཉམས་དང་ཁྱད་རྟགས་ཤིག་ཏུ་འཛིན་

དགོས་ཟེར་བ་ཡིན་གྱི།ཁ་ཅིག་ལ་དོན་མེད་ཀྱི་དངངས་སྐྲག་བསླངས་ཏེ་སྔོན་ཐོན་གྱི་མི་རིགས་གཞན་གྱི་ཡར་ཐོར་གྱི་

རིག་གནས་འགོག་དགོས་ཟེར་བ་གཏན་ནས་མ་ཡིན།དེ་ལས་ལྡོག་སྟེ།  ང་ཚོར་རང་མི་རིགས་ཀྱི་རིག་གནས་སྙིང་སྟོབས་

རང་རྐྱ་འཕེར་བ་ཞིག་མངའ་བ་ན། ང་ཚོས་སྔར་བས་ལྷག་པའི་སྒོ་ནས་མི་རིགས་གཞན་གྱི་རིག་གནས་ཀྱི་དོན་སྙིང་ལེན་

པར་ཁག་ཐེག་བྱེད་ཐུབ་པའང་སྨྲོས་མི་དགོས་པ་ཞིག་ཡིན།  དེར་བརྟེན།ང་ཚོས་རིག་པ་གསལ་བ་དང་མྱུར་བ།ཟབ་པ་

བཅས་ཀྱི་སྒོ་ནས་ངེས་དགོས་པ་ཞིག་ནི།ཁོ་བོས་གཞན་རིགས་ཀྱི་ཤེས་རིག་བླང་བར་མི་བྱའོ་ཞེས་རྣམ་པ་ཀུན་ཏུ་གླེང་བ་

ཅི་ཡང་མེད་ལ།དེ་ནི་དོན་གྱིས་བརྩད་ནའང་གླེང་ཐབས་བྲལ་བ་འབའ་ཞིག་ཡིན།
  གོང་དུ་ངས་སྤམ་བཤད་འདྲ་ཆགས་ཤིག་བྱས་ཐལ།ངོ་མ་ངོ་གནོང་དགོས་པ་ཞིག་ཀྱང་ཡོང་གི་འདུགངས་

རང་མི་རིགས་ཀྱི་རིག་གནས་སྙིང་སྟོབས་སྲ་ཞིང་བརྟན་པ་ཞིག་ལྡན་དགོས་ཚུལ་གླེང་ཡོད་ན་ཡང་།   རང་ངོས་ནས་

མཚོན་ན། ང་ཚོའི་མི་རིགས་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཙམ་མ་ཟད།ལྷག་དོན་ང་ཚོའི་མེས་པོ་རྣམས་ཀྱི་རྣམ་

དཔྱོད་གསལ་བ་དང་སྙིང་སྟོབས་ཀྱི་གོ་ཆ་བརྟན་པས་ང་ཚོར་མི་རིགས་གཞན་གང་ལའང་ངོ་གནོང་མི་དགོས་པའི་

འོད་སྟོང་འབར་བའི་བརླིང་ཞིང་བརྗིད་པའི་ཡངས་ཤིང་རྒྱ་ཆེ་བའི་མཐོ་ཞིང་བཙན་པའི་རིག་གནས་ཀྱི་བང་མཛོད་

ཁྱད་དུ་འཕགས་པ་ཞིག་བསྐྲུན་ཡོད། དོན་དངོས་འདི་དག་གི་མདུན་དུ།ང་རང་ནི་ཤེས་རྒྱ་ཁབ་མིག་ཇི་བཞིན་ཕྲ་བ་

ཡིན་པས་ན།ང་ཚོའི་མི་རིགས་ཀྱི་རིག་གནས་ཀྱི་འཇིག་ཉེན་དེ་ཡང་ང་རང་གིས་སྙིང་ཆུང་འདིས་དངོས་སུ་ཚོར་ཞིང་

རྟོག་པ་བདེན་གཏམ་རང་ཡིན།

                                                             ལྷ་ས      གསེར་ནག་གིས། ༢༠༠༩། ༡༠། ༠༩།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།