དྲི་ཟ་འགུག་པའི་གླུ་

27/03/2009 11:40

མཚོ་བྱུང་དྲི་ཟ་འགུག་པའི་གླུ་

མཚོ་བྱུང་དྲི་ཟའི་བུ་མོ་གཟུགས་མཛེས་མ།།

ངག་གི་རོལ་མོའིོ་དབྱངས་ལ་འཇུག་མཁས་མ།།

སྐྲ་ལོ་གནག་ལ་སྣུམ་པའི་འོད་ལྡན་མ།།

གཙུག་རྒྱན་མཛེས་པའི་འོད་ཟེར་རབ་འབར་མ།།

མཁུར་ཚོས་དཀར་དམར་འཛུམ་པའི་མདངས་ལྡན་མ།།

གཟུགས་བཟང་ལང་ཚོས་དཔྱིད་དཔལ་རབ་རྒྱས་མ།།

བྱམས་དང་བརྩེ་བ་རྒྱས་པའི་བདག་ཉིད་མ།།

ཟུར་མིག་སྟངས་སྟབས་གཡོ་བའི་མཛེས་ལྡན་མ།།

ས་གསུམ་ཀུན་ལ་བྱམས་པའི་གཤིས་བཟང་མ།།

འཛུམས་ཟེར་འོད་ཀྱིས་འགྲོ་བ་སྐྱོང་མཁས་མ།།

ཡིད་ཀྱི་དྭངས་བ་འདྲེན་པའི་སྙིང་སྡུག་མ།།

ངག་ལ་རང་དབང་སྩོལ་པའི་དབྱངས་ལྡན་མ།།

མཛེས་ལྡན་ལྷ་མོ་སྟོང་གི་གཙུག་རྒྱན་མ།།

དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ།།

དྲི་ཟའི་ན་ཆུང་བུ་མིའི་དྭངས་རྩེ་མ་།།

ཟབ་འཇམ་ཡངས་ལ་ལྷ་ཡི་གོས་ལྡན་མ།།

འཇའ་དང་སྤྲིན་པའི་འོད་ལ་དབང་འབྱོར་མ།།

དྲི་བཞོན་མཛེས་སྡུག་གཡོ་བའི་སྤྱུན་ཡངས་མ།།

འགྲོ་བ་ཀུན་བ་དགྱེས་པའི་བྱམས་ལྡན་མ།།

ཤེས་རབ་ཐབས་ཀྱིས་སྩོལ་བའི་མཁས་མཛངས་མ།།

བློ་ཡི་མུན་དཔུང་འཇོམས་པའི་འོད་ལྡན་མ།།

སེམས་ཀྱི་དད་པའི་ལྷ་མོ་སྒེག་ལྡན་མ།།

སྙན་པའི་ངག་གི་སྒོ་མོ་རང་ཕྱེས་མ།།

དབྱངས་ཀྱི་གྲེ་འགྱུར་ངག་ལ་སྩོལ་མཁས་མ།།

རྣམ་དཔྱོད་རིག་པའི་རྩལ་ལ་དབང་འབྱོར་མ།།

འཆད་རྩོད་རྩོམ་གྱིས་ཤེས་རབ་མཆོག་སྟེར་མ།།

བསླབ་གསུམ་ཉམས་ལེན་ཀུན་ལ་གྲོགས་མཛད་མ།།

ལོང་རྟོགས་བསྟན་པའི་བདག་པོ་དབྱངས་ཅན་མ།།

གཟུགས་བཟང་ལང་ཚོས་སེམས་ཀྱི་དྭངས་འདྲེན་མ།།

བདག་གི་སྙན་ངག་ལྷ་མོ་ཡེ་ཤེས་མ།།

བྱམས་བརྩེ་སྤྲིན་གྱི་འོད་དཀར་རབ་རྒྱས་མ།།

སྙན་པའི་ངག་ལ་གྲེ་འགྱུར་རྫོགས་མཁས་མ།།

རྣམ་དཔྱོད་བློ་གྲོས་གཏེར་གྱི་འཛོད་འཛིན་མ།།

མཚོ་བྱུང་དྲི་ཟའི་བུ་མོ་མདངས་མཛེས་མ།།

སྟོང་གསུམ་སྐྱེ་འགྲོ་ཡོངས་ལ་གྲོགས་མཛད་མ།།

འཇིག་རྟེན་རྒུད་པའི་མུན་པ་རང་གྲོལ་མ།།

ས་དང་ལམ་གྱི་གནས་ལ་ཐོགས་མེད་མ།།

ཐར་བའི་དངོས་གྲུབ་སྩོལ་བའི་སྐྱབས་གཅིག་མ།།

ངག་གི་དངོས་མགྲིན་པའི་ཀློང་ལ་སྩོལ།།

གྲེ་འགྱུར་གླུ་ཡིས་ས་སྟེང་ཁྱབ་གྱུར་ནས།།

དབྱངས་བཟང་དྲི་ཟའི་ལོངས་སྤྱོད་མ་ལུས་པ།།

འདོད་རྒུའི་དཔལ་གྱིས་ལོངས་སྤྱོད་རྒྱས་གྱུ་ཅིག །

 

བོད་ནང་།  

རྩོམ་པ་པོ།     ཟླ་བ་ཚེ་རིང་གིས།།          

 

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།