དྲ་བའི་ཁོར་ཡུག

06/12/2009 14:42

              དྲ་བའི་ཁོར་ཡུག་དང་དྲ་འབུའི་ཡམས་ནད།

                        མེ་དམར་བོའི་འབར་ལམ  << >> ས་ཚང་ལྗང་མྱུག་གིས།  

བརྒྱ་ཕྲག་ཉེར་གཅིག་པའི་དུས་རབས་གསར་བ་དབུ་བརྙེས་པ་ནི་གོ་ལ་ཧྲིལ་བོའི་གནས་བབ་ལ་ཐོད་བརྒལ་ཐེངས་ཤིག་བྱུང་

བའི་བརྡ་འཕྲིན་འཕྲུལ་རིག་གི་ནམ་ཟླ་ཧྲིལ་གྱིས་ཚེས་པའི་དུས་ཚིགས་ཤིག་གི་སྣ་འདྲེན་དུ་གྱུར་ཟིན་པས།    མི་ཆེ་མ་ཆུང་

གསུམ་པོ་བརྡ་འཕྲིན་བརྒྱུད་ལམ་དུ་བུད་དེ་རང་རང་གི་སྐད་སྒྲ་ཤུགས་སྒྲོག་དང་བསམ་ཚུལ་མངོན་བསྒྲགས་སུ་འབད་ཅིང་

མཆིས་ལ། དངོས་མིང་གབ་སྦས་ཀྱིས་གཏན་འཁེལ་མེད་པའི་དྲ་མིང་འདྲ་མིན་དུ་བརྫུས་ཏེ་མིག་སྔར་མ་བུ་གཉིས་ཆ་འཕྲིན

བརྒྱུད་ལམ་ནས་དགའ་བོ་ཆགས་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད།

           དེ་ལྟར་བརྡ་འཕྲིན་དུས་རབས་འདིའི་རླབས་ཀྱི་འཕྱོ་ཤུགས་ཨེ་ཤ་ཡའི་མཐའ་དབུས་ཕྱོགས་མཚམས་མེད་པར་ཐོན་པ་

དང་འུ་ཚོའི་སྒང་བ་བོད་པ་ཚོར་ཡང་དྲ་བའི་ཁོར་ཡུག་སློང་བའི་དེ་རིང་གི་སེམས་བྱུང་འདི་རྙེད་པ་རེད།      ལྷག་དོན་བོད་མི་

རིགས་ཀྱི་ཕུགས་རྒྱང་རིང་བོའི་དམིགས་དོན་འཚོལ་བའི་སྐུ་ཞབས་བཀྲ་ཤིས་ཚེ་རིང་དང་། བརྡ་འཕྲིན་མ་ལག་ཁྲོད་དུ་བོད་པའི་

སྟོང་ཆ་སྐོང་བའི་སྐུ་ཞབས་བློ་བཟང་སྨོན་ལམ་སོགས་ཀྱི་ཐུན་མིན་ཀླད་ཤུགས་ཀྱི་ངལ་རྩོལ་ལས་དེ་སྔ་སུ་གང་གིས་མ་འཇོན་

མ་ནུས་པའི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་གསར་སྤེལ་ཐུབ་པ་རེད་ལ། དེ་ནས་བཟུང་བོད་སྐད་ཡིག་གི་རོ་

ྲོ་ལྟེམས་པའི་དྲ་ཚིགས་དང་། ཟིན་བྲིས་འགའ་གཅིག་མིན་གཉིས་མིན་དུ་ང་ཚོ་ཐུན་མོང་གི་ལོངས་སྤྱོད་དུ་གྲུབ་ཡོད། འདི་ནི་

ཁ་སང་དེ་རིང་དྲ་འབུ་ཚོ་ནག་ཐར་ཐར་དུ་འདུར་རྒྱུག་འཚང་ཁ་རྒོད་སའི་བོད་ཀྱི་དྲ་བའི་ཁོར་ཡུག་འདིའི་གཞི་རྩའི་བྱུང་རིམ་

ཙམ་ཡིན།  

           དུས་རབས་གསར་བའི་རླབས་ཤུགས་ཀྱིས་བསླངས་པའི་ད་ལྟའི་བོད་ཀྱི་དྲ་བའི་ཁོར་ཡུག་ཉམ་ཆུང་བ་འདིའི་ཕྱོགས་

ངོས་མཁའ་དབུགས་ཡོངས་སུ་ཞིབ་པར་བལྟས་ཚེ།     བོད་སྐད་ཡིག་ལ་ཞེན་ཐག་མ་ཆད་པའི་བོད་པའི་མི་རབས་གསར་བའི་

དཔུང་ཁུག་ཅིག་དགའ་བཞིན་སྐྱོ་བཞིན་དུ་རྒྱུ་ཞིང་གདའ་བ་ལས། གཞན་རྣམ་དཔྱོད་ཀྱི་དབལ་ངར་བའི་མིག་སྔའི་བོད་ཀྱི་རྩོམ་

པ་བོ་དང་། བསམ་བློ་བ། དེ་བཞིན་ལོ་རྒྱུས་སྨྲ་བ་དང་། སློབ་གསོ་སྨྲ་བ་སོགས་མང་དག་ཅིག་ད་དུང་དྲ་བའི་ཁོར་ཡུག་དང་རྒྱང་

ཐག་རིང་བཀྱེད་དུ་འཚོ་ལ། བརྡ་འཕྲིན་ལམ་ཆེན་དུ་ཤར་སྐྱོད་ཐུབ་པའི་བོད་སྐད་ཡིག་གི་གཟི་དཔལ་ཡང་མཐོང་ཐུབ་མེད་པར་

གནས་པས།  ད་ལྟའི་བོད་ཀྱི་དྲ་བའི་ཁོར་ཡུག་འདི་ན་ད་དུང་བོད་པའི་ཤེས་ལྡན་མི་སྣས་ཤེས་ཚོར་མ་རྙེད་པའི་གོམ་ཁ་རྗེས་ལུས་

པ་ཞིག་མངོན་མངོན་གསལ་ཐིང་དུ་མཆིས།

               དེའི་ཕྱིར། ཅི་སྟེ་བོད་ཀྱི་དྲ་བའི་ཁོར་ཡུག་འདི་མཁས་པས་མཁས་ཉམས་སྟོན་ས་དང་། བླུན་པོས་རང་འཚང་སྟོན་

སའི་འདྲ་མཉམ་དང་གཅིག་མཚུངས་རང་བཞིན་ཅན་ཞིག་ཏུ་འདོད་ན་ཅིས་ཀྱང་ཤེས་ལྡན་མི་སྣ་རྩ་འཛུགས་ཀྱིས་འགན་བབ་

ཁུར་ལེན་དུ་སྙེག་པའི་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་རྒྱུན་སྐྱོང་འབད་སྒྲུབ་བྱེད་གལ་ཆེ། དེ་མིན་ང་ལྟ་བུ་བོད་སྐད་ཡིག་གི་དུང་

ཞེན་དུ་ཤོར་བའི་མི་རབས་གསར་བ་ཁག་ཅིག་གི་བསམ་བློའི་རྩེད་རྭ་ལྟ་བུ་ལས་མུ་མཐུད་བརྒལ་མ་ཐུབ་ཚེ། བོད་ཀྱི་དྲ་བའི་ཁོར་

ཡུག་ནི་ནམ་ཡང་འདི་ལྟ་བུའི་བྱིས་པ་གཅེས་གཉོར་ཁང་ལྟ་བུ་ཞིག་གི་ཚད་གཞིར་ཡུན་ནས་ཡུན་དུ་ལྷག་པར་ངེས།  

            ཡང་གཅིག་བཤད་ན། ད་ལྟའི་བོད་ཀྱི་དྲ་བའི་ཁོར་ཡུག་གི་ས་གསེང་ཀུན་ཏུ་ཕྱོགས་རིས་འཐེན་འཁྱེར་དང་ཕྲག་དོག་

ང་རྒྱལ་གྱིས་བཟི་ཞིང་འཁྱོར་བའི་དྲ་འབུ་མང་བོ་ཞིག་མཚམས་དང་ཚིགས་མེད་པར་གནས་ཤིང་རྩེན་པ་ནི། འུ་ཚོའི་མིག་སྔའི་

ཤེས་ལྡན་པ་མང་བོ་ཞིག་དྲ་ཐོག་ཁོར་ཡུག་ཏུ་ཡོང་ཐུབ་མེད་པའི་རྒྱུ་དང་རྐྱེན་དུ་བརྟས་ཡོད་ཀྱང་སྲིད། དེ་ལྟར་བསམ་ཚེ་ང་ཚོས་

གཏོར་བརླག་དང་དཀྲུགས་ཤིང་སློང་བའི་ཁ་སང་དེ་རིང་གི་དྲ་འབུ་འདི་དག་ཇི་ལྟར་དྲ་བའི་ཁོར་ཡུག་ནས་ཕྱིར་འབུད་དང་རྩ་

མེད་གཏོང་བར་འབད་དགོས་སམ།

            ཇི་སྲིད་དྲ་འབུའི་འགྲོ་འོང་ལ་མཚམས་ཚིགས་མེད་པ་དེ་སྲིད་དུ་བོད་ཀྱི་དྲ་བའི་ཁོར་ཡུག་འདི་བཞིན་ངོས་གཙང་རང་

བཞིན་ཅན་ཞིག་ཏུ་འགྱུར་མི་སྲིད།  དེང་སང་བོད་ཀྱི་དྲ་ཐོག་ཁོར་ཡུག་གང་སར་དྲ་བ་ལས་དྲ་འབུ་མང་བའི་ཚོད་དུ་མཆིས་ལ།

དྲ་འབུའི་ཡམས་ནད་ཀྱིས་མི་མང་བོ་ཞིག་གི་སེམས་ཤུགས་དབུགས་ཐག་གཅོད་པའི་ཉེན་ཁའང་ཡང་ཡང་མཐོང་བས་དྲ་བདག་

དང་དྲ་དཔོན་ཚོས་རང་རང་གི་དྲ་བར་དྲ་ཐོག་ཉེན་རྟོག་པ་རེ་བསྐོ་འཇོག་རྩ་འཛུགས་དགོས་པའང་དོན་གནད་ཆུང་བའི་ལས་སུ་

གཞར་ཡང་མི་འདོད་དོ།།                                                                                     ༢༠༠༩།༦།༢༧དགོང་མོར།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།