དོན་གྲུབ་དབང་ཆེན་

18/07/2009 11:04

དོན་གྲུབ་དབང་ཆེན་དང་ཁོང་གི་ཆུང་མའི་མིག་ཆུ།

བོད་ཀྱི་དུས་བབ་དྲ་ཚིགས་འདིར་བཀོད། རྩོམ་པ་པོ། རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།

དབྱར་ཁའི་གུང་གསེང་དང་བསྟུན་ནས་ལས་ཀ་ཞིག་བཙལ་བ་དེ་རིང་གཞི་ནས་མཇུག་རྫོགས། ལས་ཀ་རྫོགས་ཚར་

དུས། ཡང་བསྐྱར་ཕྱི་བསྐྱོད་ལག་འཁྱེར་དང་འབྲེལ་བའི་ཡིག་ཆ་ཁག་གི་ལས་ཀ་མགོ་བསླངས་སོང་། ལས་ཀ་གཅིག་

ཚར་ན་ལས་ཀ་གཞན་ཞིག་གིས་རྗེས་ནས་དེད་ཡོང་བ་འདི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་ཞིག་རེད། ངེད་རང་

སློབ་ཆེན་སློབ་མ་ཞིག་ཡིན་རུང་ཡིག་ཆའི་ལས་ཀ་ཞིག་ཀྱང་དུས་རྟག་དུ་རྒྱབ་ལ་འཁུར་ནས་སྡོད་དགོས་ཀྱི་འདུག

དེར་བརྟེན། དོ་དགོང་རྒྱལ་སར་ཐོན་རྒྱུ་བྱས་བ་ཡིན།


རྒྱལ་སར་ཡོད་པའི་བོད་ཀྱི་མི་ཚང་དེ་ལ་ཡང་ཁ་པར་སྟབས་བདེ་ཞིག་བཏང་། ཡིག་ཆ་ཁག་བསྡུ་གསོག་བྱས་ཚར་

རྗེས་ལག་འཁྱེར་གློག་ཀླད་དེའི་ཁ་ཕྱེས། སེམས་ལ་ཀུན་གླེང་ལེ་ཚན་དྲན། མགྱོགས་པོར་ཀུན་གླེང་གི་ཐོག་ལ་སོང་།

དེ་རིང་གི་བརྗོད་གཞི་ནི་རླབས་ཆེ་བའི་བོད་བསྐྱོད་པ་དོན་གྲུབ་དབང་ཆེན་གློད་བཀྲོལ་གྱི་ཞུ་འབོད་ཟེར་བ་དེ་རེད་

འདུགདོན་གྲུབ་དབང་ཆེན་གྱིས་བཟོས་བའི་འཇིགས་བྲལ་ཞེས་བའི་གློག་བརྙན་དེར་ལོ་སྔོན་མར་བལྟ་རྒྱུ་བྱུང་།  

བསམ་བློའི་གོ་རྟོགས་དང་རང་གི་མི་རིགས་ལ་བཅིངས་བའི་སྙིང་སྟོབས་ནི་འགྲན་ཟླ་བྲལ་བ་ཞིག་འདུག་བསམ་པའི་

བག་ཆགས་ཤིག་སྔ་མོ་ནས་སེམས་ལ་བཞག་སོང་། ན་ནིང་སློབ་གྲྭ་རུ་བོད་རྒྱའི་གནད་དོན་སྐོར་གྱི་བགྲོ་གླེང་ཞིག་

འཚོགས་པའི་སྐབས་སུ་ཡང་གློག་བརྙན་དེའི་ཟུར་ཅིག་བསྟན་པ་ཡིན།    དེ་རིང་ཁོང་གི་ཆུང་མ་ལྷ་མོ་འཚོ་ལགས་

ཀུན་གླེང་ལེ་ཚན་དུ་དངོས་སུ་མཉམ་ཞུགས་བྱས་འདུག ཁོང་གི་ཆུང་མས་རྡ་སར་བག་ལེབ་བཙོང་ནས་འཚོ་བ་སྐྱེལ་

གྱི་ཡོད་རེད་ཟེར་བའི་སྐད་ཆ་དེ་ཡང་སྔ་མོ་ནས་གོ། འོན་ཀྱང་། ཁོང་གི་ཆུང་མ་དངོས་སུ་མཐོང་མ་མྱོང་ལ་ཆུང་མའི་

སྐད་གོ་བ་ཡང་དེ་རིང་ཐོག་དང་པོ་ཡིན་།       ངུ་སྐད་ཞིག་དང་མཉམ་དུ་ཁོང་གི་ཆུང་མས་་དྲི་བ་དང་པོ་དེར་ལན་

ཏབས་སོང་།   ངུ་སྐད་དེས་ངེད་ཀྱི་སེམས་པ་ཡང་ནང་ལ་བཀུགས་སོང་། ངེད་ཀྱིས་གཟབ་ནན་སྒོས་དྲི་ལན་རྗེས་མ་

དག་ལ་ཉན་པ་ཡིན།དོན་གྲུབ་དབང་ཆེན་ལ་མཆིན་པའི་ན་ཚ་ཞིག་ཡོད་སྐོར་གྱི་གནས་ཚུལ་དེ་དང་འབྲེལ་ནས་དྲི་

བ་ཞིག་བཏང་སོང་། ཆུང་མས་ངུ་སྐད་ཞིག་དང་མཉམ་དུ་ཁོ་རང་སྔོན་མ་གཟུགས་པོ་བདེ་ཐང་ཡིན་པ་མ་ཟད་ལུས་

ལ་ན་རྒྱུ་ཚ་རྒྱུ་ཡོད་མཁན་དེ་འདྲ་ཞིག་མིན། གསར་འགྱུར་བརྒྱུད་ལམ་སོགས་ནས་ཁོང་ལ་ན་ཚ་དེ་འདྲ་ཞིག་འདུག་

ཟེར་བ་གོ་དུས། ངའི་སྙིང་ལ་གྲི་བཙུགས་པ་དང་གཅིག་པ་རེད་ལབ་ཞོར་ངུ་སྐད་ཆེ་རུ་ཕྱིན་སོང་། ངུ་སྐད་གདངས་ལ་

ལྷུང་སོང་། ངུ་སྐད་ཆེ་རུ་ཕྱིན་པ་དང་གདངས་ལ་ལྷུང་ན་ཡང་། ཁོང་གི་ཆུང་མས་སྐད་ཆའི་མཚམས་བཞག་མ་སོང་།

ངུ་སྐད་གཉིས་པ་དེ་གོ་ཡོང་དུས། ངེད་ཀྱི་སེམས་ནས་ཡང་ངུ་སྐད་ཞིག་ཤོར་འགོ་བཙུགས་སོང་། ང་ཡང་གློག་ཀླད་

ཆུང་ཆུང་ཞིག་གི་མདུན་ནས་ངུ་འགོ་ཚུགས་པ་ཡིན།

ངེད་ཀྱིས་ཀྱང་མིིག་ཆུ་འབྱིད་ཞོར་དང་དྲི་ལན་ལ་ཉན་ཞོར་བྱས་བ་ཡིན། དྲི་ལན་རེ་རེ་ལ་ཉན་གྱིན་ཉན་གྱིན། ངས་

རླབས་ཆེ་བའི་བོད་བསྐྱོད་པ་འདིའི་ཆུང་མའི་བསམ་བློའི་གོ་རྟོགས་དང་སྙིང་སྟོབས་མཐོང། རླབས་ཆེ་བའི་བོད་བསྐྱོད་

པ་འདིའི་ཆུང་མའི་དཀའ་ངལ་ཚོར། རླབས་ཆེ་བའི་བོད་བསྐྱོད་པ་འདིའི་ཆུང་མའི་ཕྲག་ན་ལྕི་བའི་འགན་འཁྲི་དག་

མཐོང་།ངེད་ཀྱི་སེམས་ལ་ཚོར་བ་ལྟ་བུ་ཞིག་གིས་ག་ལ་ཚད། བྱིས་བ་སློབ་གྲྭར་བསྐྱལ་བ་དང་བྱིས་པའི་མ་འོངས་བར་

སེམས་ཁུར་བྱེད་པ།  ཁྱོ་ཀའི་ཕ་མ་གཉིས་ལ་བདག་སྐྱོང་དང་བལྟ་རྟོག་བྱེད་པ། ཉིན་ལྟར་ཞོགས་པ་སྔ་མོ་ནས་བག་

ལེབ་བཟོས་ཤིང་བག་ལེབ་ལ་བརྟེན་ནས་མི་ཚེའི་ལྟོ་གོས་བསྒྲུབ་པ། ཁྱོ་ཀའི་བཙོན་འོག་གི་གནས་སྟངས་ལ་སེམས་

ཁྲལ་བ། ཁྱོ་ཀའི་བཙོན་འོག་གི་མནར་གཅོད་ལ་སྡུག་བསྔལ་བ། ཉིན་མཚན་མཆི་མའི་ཁྲོད་ནས་བསྐྱལ་བ། ཁྱོ་ཀ་དྲན་

བཞིན་དུ། སྡུག་གི་མཆི་མ་ཁོག་ལ་མིད་བཞིན་དུ། མདུན་གྱི་དཀའ་ངལ་ཐོད་དུ་ལེན་བཞིན་དུ། བཙན་བྱོལ་འཚོ་བའི་

མངར་ཁ་མྱོང་བཞིན་པའི་བུད་མེད་འདི་མིག་ལ་མཐོང་ཡོང་དུས། ངེད་ཀྱི་མིག་ལ་བསྐྱར་དུ་མཆི་མ་ཞིག་འཁོར། ཆུང་

མ་འདིའི་ལུས་སེམས་ཀྱི་སྡུག་བསྔལ་ཕྲ་མོ་ཙམ་སེལ་ཐུབ་ན་ཅི་མ་རུང་བསམ། དེས་ན། ཕྱི་སྡོད་བོད་རིགས་ཚོས་རླབས་

ཆེའི་བོད་བསྐྱོད་པ་འདིའི་ཆུང་མ་དང་ཤུལ་ལུས་ནང་མི་རྣམས་ལ་ཕྱོགས་ཡོངས་ནས་གཞོགས་འདེགས་བྱེད་རོགས། མི་སྒེར་བ་རེ་རེ་ནས་བཟུང་སྟེ་དང་བླངས་སྒོས་གཞོགས་འདེགས་བྱེད་རོགས།

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།