གློག་བརྙན་གླེང་བ།

22/09/2009 15:49

བཀའ་འགྱུར་རིན་པོ་ཆེའི་གློག་བརྙན་གླེང་བ།

ཆར་རྗེས་ཀྱི་སྨིག་སྤྲིན་ལང་ལོང་ཞིག་གིས་ངྷ་སའི་རི་ངོས་ཕར་ཚུར་སྲབ་མོར་བཀབས་འདུག་ལ། སྦག་སུ་ནགས་ཀྱི་

གཙང་བོ་དེ་ཤག་སྒྲ་ཆེན་པོ་ཞིག་དང་བཅས་མུ་མཐུད་ནས་བཞུར་གིན་འདུག མེག་གྷན་གྱི་སྦག་སུ་མགྲོན་ཁང་གི་

ཕྱི་ལོག་དེ་རུ་བཀའ་འགྱུར་རིན་པོ་ཆེ་མཆོག་གིས་ཉིན་དྲུག་གི་རིང་སྤི་ཏི་ཕྱོགས་ཀྱི་གངས་ཁྲོད་ནས་ལྷག་ཅིང་འབྲེལ་

མཐུད་ཀྱི་ལམ་ཁ་ཡང་འགག་པའི་ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་རུ་ཁག་དེ་དག་བདེ་འཚམས་ཡིན་པ་གསན་རྗེས་

ཐུགས་ལྷོད་ལ་བབ་ཅིང་།      ཁཱོ་ཧྥེ་ཕོར་པ་གང་རེ་མངགས་རྗེས་ང་ལ་ཁོང་གི་གློག་བརྙན་གྱི་ལས་འཆར་འདིའི་སྐོར་

གསུངས་བྱུང་ལ། བོད་པའི་གློག་བརྙན་བཟོ་སྐྲུན་གྱི་མདུན་ལམ་འདི་ཡང་ད་ནས་བཟུང་རྒྱ་ཆེ་རུ་འགྲོ་བའི་ཡིད་ཆེས་

ཡོད་ཅེས་ཡང་ཡང་གསུངས་བྱུང་། ཁོང་གི་བཀའ་མོལ་དེ་དག་གཤམ་དུ་དྲི་བ་དྲི་ལན་གྱི་ཚུལ་དུ་བཀོད་ཡོད།

དུས་བབ། རིན་པོ་ཆེའི་གློག་བརྙན་གྱི་ལས་འཆར་ཆེན་པོ་དེར་མང་པོ་ཞིག་གིས་རེ་ལྟོས་ཆེན་པོ་གནང་གི་འདུག ལས་

འཆར་དེའི་སྐོར་ཅིག་གསུང་རོགས།
བཀའ་འགྱུར་རིན་པོ་ཆེ། ལས་གཞི་འདི་མགོ་བཙུགས་ནས་ལོ་ལྷག་ཅིག་ཕྱིན་སོང་། བོད་ཀྱི་དངོས་བྱུང་གནས་སྟངས་

དེ་དག་གི་སྐོར་ལ་གློག་བརྙན་ཅིག་བཟོ་ཐུབ་ན་བསམ་པའི་ཀུན་སློང་དེ་སྐྱེས་ནས་ལོ་བཅུ་ལྷག་ཕྱིན་སོང་། སྤྱིར་བཏང་གི་

དངོས་བཀོད་གློག་བརྙན་ documentary དེ་འདྲ་ཡིན་ན་དེ་ཙམ་གྱི་དཀའ་ངལ་ཡོད་པ་མ་རེད། ཆེད་སྒྲིག་གློག་བརྙན་

Feature Film བཟོ་དགོས་དུས་དེར་ཉམས་མྱོང་དང་མཐུན་རྐྱེན་སོགས་མང་པོ་ཞིག་ཚང་དགོས་ཀྱི་ཡོད་སྟབས་དེ་

དག་ཐད་ལོ་བཅུའི་རིང་མུམ་བྷེ་ནས་གྲ་སྒྲིག་དང་ཉམས་མྱོང་བསགས་ནས་འགོར་སོང་།   འདས་པའི་ལོ་གཅིག་དང་

ཕྱེད་ཀ་ལྷག་ནས་བཟུང་དངོས་གཞིའི་ལས་ཀ་མགོ་བཙུགས་པ་ཡིན། འདིའི་དམིགས་ཡུལ་ནི་ ༡༩༥༩ བར་དུ་བོད་འདི་

རང་བཙན་གཙང་མ་ཡིན་པ། ༥༩ ལོའི་རྗེས་ནས་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ་ ༡༩༨༠ བར་དུ་བོད་ཕྱི་ནང་བར་འབྲེལ་

བ་ཆད་པ་དང་། བོད་ཀྱི་གནས་སྟངས་དེ་འཛམ་གླིང་ཕྱི་ལོག་ལ་འབྲེལ་བ་གང་ཡང་མེད་པར་ལྷག་པ་རེད། བརྒྱད་ཅུ་གྱ་

གྲངས་ནས་རྒྱ་ནག་གིས་སྲིད་བྱུས་གུ་ཡངས་དང་བོད་ཡར་རྒྱས་གཏོང་གི་ཡོད་ཅེས་ད་ལྟ་བར་དུ་མང་པོ་ཞིག་བཤད་

བསྡད་ཡོད་པ་རེད། དེ་བས་ཡར་རྒྱས་གང་འདྲ་ཞིག་ཕྱིན་འདུག དངོས་གནས་དྲང་གནས་བོད་མི་དམངས་ལ་ཕན་

ཐོགས་ཡོད་པའི་ཡར་རྒྱས་ཤིག་རེད་དམ་མ་རེད། འདིའི་ཐད་ང་ཚོས་ཉམས་ཞིབ་བྱས་ནས་ལོ་གཅིག་དང་ཕྱེད་ཀ་

ལྷག་ཕྱིན་སོང་། རྒྱ་མིས་བོད་ནང་གི་དགོན་པ་གཏོར་བ། མི་མང་པོ་བསད་པ་དེ་ཚོ་འཛམ་གླིང་ཡོངས་རྫོགས་ཀྱིས་

ཤེས་ཀྱིན་ཡོད་པ་རེད། དེང་སང་ཁོང་ཚོའི་སྲིད་བྱུས་ནག་པོ་ཞིག་ནི་བོད་ནང་ལ་ཁང་པ་མང་པོ་རྒྱག་པ་དང་། ཁྲ་ཁྲ་

ཟང་ཟིང་མང་པོ་བསྟན་ཏེ་བོད་ནང་ཡར་རྒྱས་བཏང་ཡོད་ཅེས་འཛམ་བུ་གླིང་ལ་མགོ་སྐོར་གཏོང་གི་ཡོད་པ་རེད།

ངའི་བསམ་ཚུལ་ལ་སྲིད་བྱུས་འདི་གཞན་ལས་གནག་པ་འདུག་བསམ་གི། དེའི་རྐྱེན་གྱིས་ལོ་གཞོན་པ་དེ་ཚོ་དེའི་ཐོག་

མགོ་འཁོར་ཏེ་ཨ་རག་འཐུང་བ་དང་དུད་ནག་འཐེན་པ། དེ་མིན་གྱི་སྤྱོད་པ་མང་པོ་ཞིག་གི་ཐོག་གུ་ཡངས་སུ་བཏང་།

བོད་མི་རིགས་ལ་ཕན་པའི་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་བྱེད་པ་དེ་དག་ཡར་རྒྱས་བཏང་མེད་པ་དང་། ལོ་གཞོན་ཚོ་

དེ་དག་ཁྲ་ཁྲ་ཟང་ཟིང་ལ་མགོ་འཁོར། དངོས་གནས་སྐྱིད་པོ་འདུག་སྙམ་ནས་བོད་རང་གི་རྩ་དོན་དང་རིག་གཞུང་གི་

ཐད་ལ་སེམས་ཤུགས་འདོན་མ་ཐུབ་པར་འཕྲོ་བརླག་ལ་འགྲོ་གི་འདུག གློག་བརྙན་འདིའི་བསྟན་བྱ་གཙོ་བོ་འདི་ཡིན།

དུས་བབ། གློག་བརྙན་འདི་ལ་ཨ་སྒོར་ས་ཡ་ ༣ གཏོང་གི་ཡོད་དུས། བོད་པ་རང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་

ཁྲོད་ནས་མ་རྩ་ཆེ་ཤོས་དེ་ཆགས་ཀྱིན་ཡོད་པ་འདྲ།
རིན་པོ་ཆེ། སྤྱིར་བཏང་གློག་བརྙན་བཟོ་བ་ལ་རིགས་མང་པོ་ཡོད་པ་རེད། ཁ་ཤས་ཀྱིས་ཚོང་རང་ལ་བསམ་བློ་བཏང་སྟེ་

བཟོ་གིན་ཡོད་པ་རེད། ཁ་ཤས་ཤིག་གིས་རང་གི་འདོད་འདུན་གལ་ཆེན་ཞིག་གློག་བརྙན་དེ་བརྒྱུད་ནས་མི་ལ་སྟོན་

ཐབས་བྱེད་གི་རེད། འདི་གཉིས་ཀྱི་ནང་ནས་བཤད་ན། ང་ཚོའི་དམིགས་ཡུལ་ནི་བོད་ཀྱི་གནས་སྟངས་ངོ་མ་དེ་གློག་

བརྙན་བརྒྱུད་ནས་འཛམ་བུ་གླིང་ལ་སྟོན་པ་དང་།  གསལ་བཤད་བྱ་རྒྱུ་དེ་ཡིན།  འགྲོ་སོང་གི་ཆ་ནས་དེང་སང་བོད་

ནང་གི་གནས་སྟངས་གང་ཡིན་པ་དེ་ཏག་ཏག་ཅིག་སྟོན་ཐུབ་པའི་ཆེད་དུ་ཞིབ་འཇུག་བྱེད་པ་ལའང་འགྲོ་སོང་གང་

འཚམ་འགྲོ་གིན་འདུག དེ་ནས་པར་རྒྱག་པ་དང་འོད་ཀྱི་བཟོ་འགོད། སྒྲའི་སྒྲིག་བཟོ། གློག་བརྙན་འཁྲབ་མཁན། གློག་

བརྙན་བཟོ་སྐྲུན། དེ་བཞིན་ཁྱབ་བསྒྲགས་བྱེད་པ།    དེ་དག་གི་ཐོག་འགྲོ་སོང་ཆེན་པོ་འདུག མུམ་བྷེ་ནས་རྒྱ་གར་གྱི་

མཉམ་འབྲེལ་བཟོ་ཚོང་སྡེ་ཚན་མང་པོ་ཞིག་གིས་གློག་བརྙན་སྟེང་ལ་མ་རྩ་གཏོང་གི་ཡིན་ཅེས་བཤད་མཁན་འདུག

ཡིན་ཡང་ཁོང་ཚོར་མཉམ་ལས་བྱས་པ་ཡིན་ན་ཁོང་ཚོས་རང་རང་གི་ཚོང་ལ་བསམ་བློ་བཏང་ནས་ཇུས་གཏོགས་མང་

པོ་བྱེད་གི་རེད། དེར་བརྟེན་མཉམ་འབྲེལ་དེ་དག་གི་ལག་ནས་དངུལ་ལེན་མི་དགོས་པ་བྱས་ཏེ། ང་རང་གི་ངོས་ནས་

ཡར་མར་ནས་ཐབས་ཤེས་འདྲ་བོ་བྱས་ནས་མགོ་འཛུགས་རྒྱུའི་བསམ་བློ་བཏང་བ་ཡིན།

དུས་བབ། བོད་པ་རང་གི་སྤྱི་ཚོགས་ནང་དུ་འཁྲབ་འཁྲིད་པ་དང་པར་པ་ཚད་ལྡན་དེ་འདྲ་དཀོན་པོ་རེད། འདི་ལྟའི་

ལག་རྩལ་གྱི་ཕྱོགས་ནས་གྲ་སྒྲིག་གང་འདྲ་ཞིག་ཡོད་དམ།
རིན་པོ་ཆེ། པར་རྒྱག་མཁན་དང་སྒྱུ་རྩལ་གྱི་འཁྲབ་ཁྲིད་པ་དེ་དག་ང་ཚོས་མུམ་བྷེ་གློག་བརྙན་བཟོ་སྐྲུན་ཁང་གི་ལག་

རྩལ་བ་རྩེ་གྲས་ཏེ། རིམ་པ་དང་པོའི་ལག་རྩལ་བ་གླ་གིན་ཡོད། པར་རྒྱག་མཁན་དེ་ནི་ J. P. Dutta ཡི་ L.O.C
Kargil ཨེལ་ཨོ་སི་དཀར་གྷིལ་ཞེས་པའི་གློག་བརྙན་གྱི་པར་པ་དེ་གླས་ཡོད། སྒྱུ་རྩལ་གྱི་འཁྲབ་ཁྲིད་པ་ནི་ང་ཚོ་ཕར་

བོད་ནང་ཕྱིན་ནས་འཁྲབ་ཐུབ་གི་མེད་སྟབས། བོད་ཀྱི་ཁང་པ་དང་རྣམ་པ་དེ་བཟོ་འགོད་བྱ་དགོས་པ་རེད། དེའི་ཐོག་

ལ་འགྲོ་སོང་ཤུགས་ཆེན་པོ་འགྲོ་གི་རེད། འདི་དག་ལའང་ཉམས་ཞིབ་ཡག་པོ་ཞིག་བྱས་ཏེ་བཟོ་གིན་ཡོད། སྒྱུ་རྩལ་

གྱི་འཁྲབ་ཁྲིད་པ་དེའང་མུམ་བྷེ་གློག་བརྙན་བཟོ་མཁན་ཚོའི་ཁྲོད་ནས་རིམ་པ་དང་པོའི་མི་སྣ་དེ་འདྲ་ཡིན།


དུས་བབ། འཁྲབ་སྟོན་པ་དེ་ཚོ་ད་ལྟ་གཏན་འཁེལ་བྱུང་ཡོད་དམ།
རིན་པོ་ཆེ། འཁྲབ་སྟོན་པའི་ཕྱོགས་ནས། འཁྲབ་སྟོན་པ་གཙོ་བོའི་ཕྱོགས་ནས་ལོ་གཅིག་ལྷག་གི་སྔོན་ནས་ང་ཡར་

མར་ཕྱིན་ཏེ་བཙལ་བ་ཡིན། མང་ཆེ་བ་དེ་བོད་གཞུང་ཟློས་གར་གྱི་མི་ ༢༠ ཞིག་ཡོད། ཁོང་ཚོ་ཡག་པོ་ཞེ་དྲག་འདུག

བོད་པ་ཡིན་པའི་ཆ་ནས་བོད་ཀྱི་གནས་སྟངས་ལ་ཉམས་མྱོང་ཡོད་པ་དང་།     སེམས་པའི་གཏིང་ནས་ཚོར་བ་ཡོད་

སྟབས་འཁྲབ་སྟོན་སྐབས་སུའང་རྣམ་འགྱུར་མངོན་ཐུབ་གི་འདུག དེ་བཞིན་དུ་བལ་ཡུལ་གྱི་གློག་བརྙན་བཟོ་སྐྲུན་ནང་

ནས་ཀྱང་སོག་པོའི་གདོང་དབྱིབས་ཅན་གྱི་མི་སྣ་ཁ་ཤས་བདམས་ཡོད། རྒྱ་གར་གྱི་གློག་བརྙན་བཟོ་གྲྭའི་ནང་ནས་

གློག་བརྙན་འཁྲབ་མཁན་གྲགས་ཅན་གཉིས་ཡོད། Dany Dengjongpa ཌེ་ནེ་འབྲས་ལྗོངས་པ་དང་། Raj Shree

ར་ཇུ་ ཤི་རི་གཉིས་རེད། ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་བཟོ་གྲྭ་ནས་འཁྲབ་སྟོན་པ་བཞི་ལྔ་ཞིག་ལ་སྐད་ཆ་བཤད་

གིན་ཡོད། ཕལ་ཆེར་ཟླ་བ་གཅིག་གི་ནང་ཚུད་ལ་གཏན་འཁེལ་བའི་རེ་བ་ཡོད།

དུས་བབ། གློག་བརྙན་གྱི་པར་ལེན་གྱི་རིམ་པ་དེ་ག་དུས་ནས་མགོ་འཛུགས་རྒྱུ་དང་དངོས་སུ་འགྲེམ་སྤེལ་གྱི་དུས་

ཚོད་དེ་གང་འདྲ་ཞིག་ལ་དམིགས་ཡོད་དམ།
རིན་པོ་ཆེ། པར་ལེན་མགོ་འཛུགས་ནི་ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཙམ་ནས་མགོ་འཛུགས་རྒྱུ་ཡིན། འཆར་ལོའི་ཕྱི་ཟླ་

༢ པའི་ནང་བར་དུ་པར་ལེན་གྱི་རིམ་པ་ཚར་བ་བྱེད་རྒྱུ་ཡིན། དེ་ནས་གློག་བརྙན་སྒྲིག་སྦྱོར་གྱི་ཕྱོགས་ལ་ཡང་གང་

འཚམ་འགོར་གི་རེད། དངོས་སུ་གློག་བརྙན་ཕྱིར་འགྲེམ་པ་དེ་ ༢༠༡༠ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་འགྲེམ་ཐུབ་

པའི་རེ་བ་རྒྱག་གི་ཡོད། ཡིན་ཡང་མཐའ་གཅིག་ཏུ་ཉིན་འདིར་འགྲེམ་དགོས་པའི་ཆ་རྐྱེན་དེ་འདྲ་ཡོད་པ་མ་རེད།

གཙོ་བོ་གློག་བརྙན་དེ་སྤུས་ཚད་ལེགས་པོ་ཞིག་དགོས་སྟབས་ཟླ་བ་གཅིག་གཉིས་རིང་འཕར་འགྱངས་བྱ་དགོས་པ་དེ་

འདྲའང་འབྱུང་སྲིད་གི་རེད།

དུས་བབ། གློག་བརྙན་འདི་པར་ལེན་སའི་ས་ཁུལ་ནི་གང་ཡིན་ནམ། མི་ག་ཚོད་ཡོད་དམ།
རིན་པོ་ཆེ། ས་ཆ་ཤུགས་ཆེ་བ་དེ་སྤེ་ཏི་ཡིན། ངྷ་རམ་ས་ལ་ནས་ཞག་མ་བཅུ་གྲངས་ཤིག་ལ་པར་ལེན་རྒྱུ་ཡིན། ཨ་རི་

ནས་ཞག་མ་བཅུ་གྲངས་ཤིག་ལ་པར་ལེན་རྒྱུ་བྱས་ཡོད། གློག་བརྙན་འདིའི་ཁྲོད་འཁྲབ་སྟོན་པ་དང་པར་པ་སོགས་ཁྱོན་

སྡོམ་མི་ ༡༤༠ ཙམ་ཡོད།

དུས་བབ། གློག་བརྙན་འདིར་མ་རྩ་ཤུགས་ཆེན་པོ་ཞིག་བཏང་ཡོད་པ་རེད། མ་རྩ་ལ་དཔག་པའི་ཁྲོམ་རའི་ཕྱོགས་ལ་

དགོངས་ཚུལ་གང་ཡོད་དམ།
རིན་པོ་ཆེ།    ད་ལྟའི་ཆར་ང་ཚོས་གློག་བརྙན་འདི་ཡག་པོ་ཞིག་ཆགས་པའི་ཆེད་དུ་བསམ་བློ་གཏོང་གི་ཡོད་མ་

གཏོགས། དངུལ་ཤུགས་ཆེན་པོ་ཞིག་ཕར་བཏང་སྟེ་ཚུར་དེ་ལས་མང་བ་ཞིག་རག་རྒྱུའི་བསམ་བློ་གཏོང་གི་མེད། རྩ་

བའི་དམིགས་ཡུལ་ནི་བོད་ཀྱི་གནས་སྟངས་དང་གཞོན་སྐྱེས་ཚོའི་བསམ་བློ་གཏོང་ཕྱོགས་འཛམ་གླིང་སྟེང་སྟོན་ཐུབ་

པ་དང་། ཕྱི་ལོགས་ཀྱི་བོད་རིགས་གཞོན་སྐྱེས་ཚོའི་བསམ་བློ་ལ་འགྱུར་བ་ཏོག་ཙམ་གཏོང་ཐུབ་རྒྱུའི་རེ་བ་དེ་བཟུང་

ཡོད།

དུས་བབ། ཨ་རིའི་གློག་བརྙན་འཁྲབ་མཁན་བཞི་ལྔ་ཞིག་ཡོང་གི་ཡོད་དུས་ཁོང་ཚོ་སུ་སུ་ཡིན་ནམ།


རིན་པོ་ཆེ། དེ་ང་ཚོས་ད་ལྟའི་ཆར་སྐད་ཆ་བཤད་བཞིན་པ་ཡིན། ཟླ་བ་གཅིག་གི་ནང་ཚུད་ལ་སུ་སུ་ཡིན་མིན་ཐག་

ཆོད་འགྲོ་གི་རེད། སྤྱིར་ཨ་རིའི་ཧོ་ལི་ཝོ་ཌིའི་འཁྲབ་སྟོན་པ་ཚོར་བསྡུར་ན་ལས་གཞི་འདིའི་མ་རྩ་ཆུང་ཆུང་རེད། མ་

དངུལ་དེ་ཚོ་མི་གཅིག་གི་སྟེང་ལ་ཤོར་འགྲོ་གི་རེད། དེ་བས་ང་ཚོས་༧རྒྱལ་བ་རིན་པོ་ཆེའི་དད་ལྡན་མི་སྣར་གྱུར་བའི་

ཨ་རིའི་གློག་བརྙན་འཁྲབ་མཁན་མི་སྣ་སྐོར་ཞིག་ཡོད་པ་དེ་དག་གི་ནང་ནས་སྐད་གཏོང་གི་ཡོད།

དུས་བབ།            རིན་པོ་ཆེས་ཐེངས་འདིར་རྒྱ་གར་གྱི་བྷོ་ལི་ཝོ་ཌི་ Boollywood དང་ཨ་རིའི་ཧོ་ལི་ཝོ་ཌའི་

Hoollywood གློག་བརྙན་བཟོ་གྲྭ་གཉིས་ལ་འབྲེལ་གཏུགས་ཀྱིས་བོད་པ་རང་གི་གློག་བརྙན་ཞིག་བཟོ་གིན་ཡོད་

པ་རེད། ད་ནས་བཟུང་བོད་པ་རང་གི་གློག་བརྙན་འདི་ཚད་ལྡན་དང་གོང་ཆེན་གྱི་རྣམ་པར་འཕེལ་བར་དགོངས་

ཀྱི་ཡོད་དམ།
རིན་པོ་ཆེ། ངས་དེ་ག་རང་བསམ་གྱིན་ཡོད། ང་རང་གི་ཡོང་ཁུངས་ནས་བཤད་ན་དགོན་པའི་ནང་རེད། དེ་བས་

དངོས་གནས་བྱས་ན་གློག་བརྙན་འདི་ལ་འབྲེལ་བ་མེད་པ་འདྲ་བོ་རེད། ཡིན་ཡང་། སོ་སོའི་ལས་ཟེར་ན་རེད། ངའི་

སྐྱེས་སྨན་དེ་སྔོན་མ་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་རེད། མོ་རང་གི་ཉམས་མྱོང་དང་འབྲེལ་བའི་སྟེང་ནས་ལས་

གཞི་འདི་བཟོ་རྒྱུའི་བློ་ཁོག་འདྲ་བོ་སྐྱེས་སོང་། གློག་བརྙན་འདི་ད་རེབ་ཡག་པོ་ཞིག་བྱུང་བ་ཡིན་ན་མ་འོངས་པར་

རྒྱུན་མཐུད་ནས་བོད་པ་རང་གི་གློག་བརྙན་ཚད་ལྡན་དེ་འདྲ་ཡོང་ཐུབ་གི་རེད་འདོད། འདིའི་རྗེས་ལ་ངའི་རེ་བ་

ལ་པན་ཆེན་རིན་པོ་ཆེ་སྐུ་གོང་མ་དང་ད་ཐེངས་ཀྱི་སྐུ་ཕྲེང་འདིའི་སྒང་ལ་ཆབ་སྲིད་ཀྱི་རྩོད་གླེང་བྱུང་ཡོད་སྟབས་

འདིའི་སྒང་ནས་གློག་བརྙན་ཞིག་བཟོ་དགོས་བསམ་བསྡད་ཡོད།

དུས་བབ། གློག་བརྙན་འདི་སྐད་ཡིག་གང་གི་ནང་དུ་བཟོ་གིན་ཡོད་དམ།
རིན་པོ་ཆེ། སྐད་ཡིག་དབྱིན་སྐད་ཡིན། བོད་སྐད་སྒང་ལ་བཟོས་ན་ལས་སླ་བོ་འདུག ཡིན་ཡང་བོད་སྐད་ཀྱི་ནང་བཟོས་

ཏེ་གཤམ་ལ་དབྱིན་ཡིག་གི་ནང་དུ་གློག་བརྙན་ནང་གི་ཁ་བརྡ་ཡིག་ཐོག་ནས་བཀོད་པ་ཡིན་ན་ལྟ་དུས་ཙམ་ལ་ཏོག་

ཙམ་གྱ་སུན་པོ་འདྲ་བོ་འདུག ང་ཚོའི་དམིགས་ཡུལ་ནི་བོད་ཀྱི་དངོས་ཡོད་གནས་སྟངས་འདི་འཛམ་གླིང་གི་མི་གང་

མང་མང་ཞིག་ལ་ཕར་སྟོན་ཐུབ་པ་བྱ་རྒྱུ་དེ་ཡིན་སྟབས། དབྱིན་སྐད་བདམས་པ་ཡིན། དེ་བཞིན་དབྱིན་སྐད་མི་རྒྱག་

མཁན་གྱི་ཧྥུ་རན་སི། ཉི་ཧོང་། ཀོ་རི་ཡ། སི་པན། འཇར་མ་ནི། རྒྱ་ནག་བཅས་ཀྱི་སྐད་ཡིག་ནང་ལ་བསྒྱུར་ནས་འགྲེམ་

རྩིས་ཡོད།

དུས་བབ། རིན་པོ་ཆེའི་སྐུ་ཟླས་གློག་བརྙན་འདིའི་ནང་དུ་འཁྲབ་སྟོན་དང་ཡང་ན། ཕྱག་རོགས་གང་འདྲ་གནང་གིན་

ཡོད་དམ།
རིན་པོ་ཆེ། གློག་བརྙན་འཁྲབ་གིན་ཡོད་པ་མ་རེད། ཡིན་ཡང་། ལས་འཆར་འདི་མགོ་བཙུགས་དུས་ནས་མོའི་ཉམས་

མྱོང་ལ་གཞི་བཞག་ནས་མགོ་བཙུགས་པ་རེད། ད་ལྟ་བར་དུ་གློག་བརྙན་འདིའི་ཐོག་ལ་ཞིབ་འཇུག་བྱེད་པ་དང་།

གློག་བརྙན་གྱི་ཚད་གཞི་འདི་ཆེད་ལས་ཀྱི་ངོ་བོར་འགྲོ་ཐུབ་པ་དེའང་མོའི་རོགས་རམ་ལས་བྱུང་བ་རེད། དེ་བཞིན་

གློག་བརྙན་པར་ལེན་གྱི་ཐད་ལའང་ངེད་གཉིས་ཀྱིས་མཉམ་དུ་འགན་ལེན་གྱིན་ཡོད།

དུས་བབ། ང་ཚོས་རིན་པོ་ཆེའི་གློག་བརྙན་འདི་ལ་རེ་ལྟོས་དང་ཡིད་ཆེས་གང་འདྲ་ཞིག་བཟུང་ན་འོས་པར་འདོད།

རིན་པོ་ཆེ། ང་ཚོའི་གློག་བརྙན་དེ་སྔོན་མ་ཨ་རིའི་གློག་བརྙན་ཧོ་ལི་ཝོ་ཌི་ཡིས་བོད་སྐོར་གྱི་གློག་བརྙན་སྐུ་མདུན་དང་།

བོད་ནང་ལོ་བདུན་གཉིས་བཟོས་པ་དེ་གཉིས་ཀྱི་སྒང་ལ་མི་འགྲོ་ནའང་འོག་ལ་མི་ལྷུང་བ་ཞིག་ཡོང་ཐུབ་པའི་ཡིད་ཆེས་

ཡོད། སྔོན་གྱི་གློག་བརྙན་དེ་གཉིས་ལའང་ཞིབ་འཇུག་གིས་མ་འདང་བར་ནོར་འཁྲུལ་ཤོར་བ་ཁ་ཤས་འདུག ང་ཚོའི་

གློག་བརྙན་འདི་ཐོག་མར་བཅོས་སྒྲུང་གི་རྣམ་པར་ཡོད། ཡིན་ཡང་། ཞིབ་འཇུག་བྱས་པ་སྦྲགས་ནས་མར་ཕབ་ཡོང་དུས་

དེའི་ནང་གི་དོན་རྐྱེན་རྣམས་ཀྱི་བརྒྱ་ཆ་བརྒྱད་ཅུ་ནི་བོད་ནང་དངོས་སུ་བྱུང་བའི་དོན་རྐྱེན་དེ་འདྲར་གཞིར་བཟུང་

ཡོད། གློག་བརྙན་འདི་དང་མཉམ་དུ་དེབ་ཅིག་ཀྱང་དཔར་སྐྲུན་བྱེད་ཀྱིན་ཡོད། དེབ་དེ་ནི་གློག་བརྙན་འདི་གཞི་འཛིན་

ས་དེ་ཡིན།                                                                            བོད་ཀྱི་དུས་བབ་ནས་འདིར་བཀོད་དོ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།