གྲྭ་བ་ ༤ འཛིན་བཟུང་།

25/03/2012 12:22

 

འབོ་ར་དགོན་པའི་གྲྭ་བ་ ༤ འཛིན་བཟུང་

བོད་ཀྱི་དུས་བབ།

ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༢ ཐོག་རྒྱ་གཞུང་གི་ཉེན་རྟོག་པས་བོད་ཨ་མདོ་བླ་བྲང་འབོ་རྭ་དགོན་པའི་དགེ་འདུན་པ་ ༤ འཛིན་བཟུང་གིས་ད་ཆར་གར་སོང་ཆ་མེད་ཆགས་ཡོད་འདུག 

འདི་གར་གནས་ཚུལ་ཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འབོ་ར་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང༌། སྐད་ཡིག་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་བྱེད་བཞིན་འབོ་ར་ཞང་སྲིད་གཞུང་གི་སྒོ་ཁར་བསྐྱོད་དེ། ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག་སྟབས། ཉིན་དེའི་དགོང་མོར་རྒྱ་གཞུང་གིས་འབོ་ར་དགོན་པ་གློག་དང་ཁ་པར་སྐུད་ལམ་ཡོངས་སུ་བཅད་ཅིང་། མཚན་མོའི་ཆུ་ཚོད་ ༡༢།༣༠ སྟེང་ཀན་སུའུ་ལན་ཀྲུའུ་ནས་ཡིན་པའི་དམག་མི་མང་པོ་ཞིག་དགོན་པའི་ནང་འཇབ་རྒྱུག་བྱས་ཏེ་དགེ་འདུན་པ་ ༤༢ ཙམ་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་ཟུར་རྒྱལ་མཁན་པོ་ཞུ་བ་ཁོང་ཛ་དྲག་ཐོག་འབོ་ར་དགོན་པར་ཕེབས་ཏེ། སྲིད་གཞུང་དང་དགོན་པ་གཉིས་བར་འདུམ་འགྲིག་གནང་སྟེ། དེའི་ཕྱི་ཉིན་ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་ཡོད་པའི་གྲྭ་བ་རྣམས་ཕྱིར་ཀློད་གྲོལ་བཏང་ཡོད་ཀྱང༌། ཕྱི་ཚེས་༢༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢།༣༠ ཙམ་ལ་གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་འབོ་ར་དགོན་པའི་ནང་འཛུལ་ཏེ་དགེ་འདུན་པ་ ༤  འཛིན་བཟུང་བཙན་འཁྲིད་ཀྱིས་ད་ཆར་གར་སོང་ཆ་མེད་ཆགས་ཡོད་འདུག 

ཉིན་འདི་གར་ས་གནས་འབོ་ར་ཞང་སྲིད་གཞུང་དང་དྲག་ཆས་དམག་མི་མཉམ་འབྲེལ་ཐོག་འབོ་ར་དགོན་པ་ཡོངས་སུ་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དགོན་པའི་ནང་གི་གྲྭ་ཤག་རེ་རེར་དོ་དམ་ནན་མོ་བྱས་ཏེ་གྲྭ་བ་རྣམས་ཀྱི་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་འདུག གོང་དུ་འཛིན་བཟུང་བྱས་ཟིན་པའི་གྲྭ་བ་དག་ནི། རང་ལོ་ ༣༠ ཡིན་པའི་གྲྭ་སངས་རྒྱས་རྒྱ་མཚོ་དང༌། རང་ལོ་ ༢༣ ཡིན་པའི་གྲྭ་སྐལ་བཟང་བློ་གྲོས། རང་ལོ་ ༢༠ ཡིན་པའི་གྲྭ་དགེ་འདུན་བསོད་ནམས། རང་ལོ་ ༢༢ ཡིན་པའི་གྲྭ་བཀྲ་ཤིས་རྒྱ་མཚོ་བཅས་ཡིན་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།