གྲོས་ཚོགས་ཚོགས་དུས་མཇུག་སྒྲིལ།

25/03/2012 22:27

 

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་སྒྲིལ།

 

ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་ཚུགས་པའི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་བསྒྲིལ་ཡོད་པ་དང༌། ཚོགས་འདུའི་མཇུག་སྡོམ་ཀྱི་གསུང་བཤད་ནང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། ཁ་སྔོན་ཚོགས་འདུའི་དབུ་འབྱེད་སྐབས་ཚོགས་དུས་གསུམ་པའི་གྲོས་ཚོགས་ཀྱི་ལས་རིམ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཞུས་པ་ལྟར། བཀའ་ཤག་དང་སྤྱི་འཐུས་རྣམ་པ་ཚང་མས་སེམས་ཚོར་ཆེན་པོའི་ཐོག་ནས་ཐུགས་འཁུར་གནང་སྟེ་གྲོས་ཚོགས་ཀྱི་ལས་རིམ་ནང་མཉམ་བཞེད་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གལ་གནད་ཆེ་བའི་གནད་དོན་མང་དག་ཅིག་གི་ཐོག་ཐག་ཆོད་གནང་ཐུབ་པ་བྱུང་བ་གསལ་བཤད་གནང་ཡོད་པ་རེད།
ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ནང་རྗེས་དྲན་གྱི་གྲོས་འཆར་མང་དག་ཅིག་སླེབས་ཡོད་ཅིང༌། དེ་དག་མང་ཆེ་བ་ནི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བ་ཆགས་པ་ཤ་སྟག་ཡིན་པ་དང༌། རྣམ་ཀུན་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནི་སྔོན་རྩིས་གཏན་འབེབས་གྲོས་ཚོགས་ཤིག་ཡིན་ན་ཡང༌། དེང་སྐབས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་དུས་ཚོད་ཅིག་ཡིན་པར་བརྟེན། ཐེངས་འདིའི་གྲོས་ཚོགས་ཀྱི་ཉིན་དང་པོར་སྔོན་རྩིས་སྐོར་གླེང་སློང་གི་ཚབ་ཏུ་ཉིན་གང་བོད་ནང་གི་ད་ལྟའི་གནས་སྟངས་དང་འབྲེལ་བའི་ཐོག་ནས་ཆབ་སྲིད་ཀྱི་བགྲོ་གླེང་གནང་ཡོད་པ་རེད།
གནས་ཚུལ་གོ་ཐོས་ལྟར་ན། ཉེ་བའི་དུས་ཡུན་གྱི་ནང་སྤྱི་འཐུས་ཀྱིས་སྣེ་འཁྲིད་སྟེ་བོད་དོན་ལས་འགུལ་མང་དག་ཅིག་སྤེལ་འཆར་ཡོད་འདུག་ཅིང༌། སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་འཐུས་མང་པོ་ཞིག་གིས་བགྲོ་གླེང་གི་ཆ་ཤས་ལེན་སྐབས་གནད་དོན་གལ་ཆེ་དེ་འདྲ་གསུངས་པ་ལྟར་དངོས་སུ་ལས་འགུལ་སྤེལ་བའི་སྐབས་སུ་ཡང་སྤྱི་འཐུས་ཚང་མས་མཉམ་ཞུགས་གནང་རྒྱུའི་རེ་བ་རྒྱུ་ཡིན་ཞེས་སོགས་ཀྱི་འབོད་བསྐུལ་གནང་ཡོད་པ་རེད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།