གདུང་སེམས་མཉམ་སྐྱེད།
08/12/2009 11:38
གདུང་སེམས་མཉམ་སྐྱེད།
བོད་ཀྱི་དུས་བབ།
བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་
རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ སྟེང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་
མི་མང་གིས་མེགྷན་རླངས་འཁོར་འབབ་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་ཞི་བའི་མར་མེ་ཁྲོམ་
སྐོར་ཞིག་བྱས་ཡོད་ལ། དེ་ནི་ད་ལྟ་རང་ལོ་ ༣༣ ཡིན་ཞིང་ཁམས་དཀར་མཛེས་ཏྲེ་ཧོར་རོལ་ཚ་ཞང་ཧོར་མེ་གྲོང་ཚོའི་
ཕ་དགེ་འདུན་དར་རྒྱས་དང་མ་པདྨ་མཁའ་འགྲོ་གཉིས་ཀྱི་བུ་མོ། བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་བོད་བསྟན་
སྲིད་རང་དབང་སླར་གསོའི་ཆེད། ཟླ་འདིའི་ཚེས་ ༥ ཉིན་གྱི་དགོང་མོ་ཟི་ཁྲོན་ཁྲིན་ཏུའུ་སྨན་ཁང་ཞིག་ནས་འདས་
གྲོངས་སུ་སོང་བར་གདུང་སེམས་མཉམ་སྐྱེད་ཆེད་ཡིན་འདུག
ཐེངས་འདིའི་མར་མེ་ཁྲོམ་སྐོར་གྱི་དགོས་དམིགས་ནང་བཀོད་དོན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྔ་
ལོའི་ཞི་རྒོལ་དང་འབྲེལ་བའི་བོད་མི་གཉིས་སྲོག་ཐོག་ལ་བཏང་བ་དང་། དོན་འགྲུབ་དབང་ཆེན་ད་ལྟ་བཙོན་ནང་
ཛ་དྲག་འོག་གནས་པ། མཆོད་མེ་དྲ་རྒྱའི་དོ་དམ་པ་དཀོན་མཆོག་ཚེ་འཕེལ་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ།
ཁམས་སོག་རྫོང་གི་ན་གཞོན་རྒྱལ་སེང་དང་ཉི་མ་དབང་ཕྱུག་བཅས་ལ་ཁྲིམས་ཐག་བཅད་པ། གཞན་ཡེ་ཤེས་ནམ་
མཁའ་བཅས་མི་གསུམ་བཙོན་འཇུག་བྱས་པ་སོགས། དུས་རབས་གསར་པ་འདིར་ཁ་ཕྱོགས་ཡོད་ཀྱང་། བོད་ནང་དུ་
ད་དུང་གདུག་རྩུབ་དང་མུན་ནག་གི་བཙོན་ནང་བོད་མི་ཆེས་མང་པོ་འདས་གྲོངས་སུ་འགྱུར་བཞིན་ཡོད། རྒྱལ་གཅེས་
དཔའ་བོ་དཔའ་མོ་དེ་དག་གིས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་འདིར། འཛམ་གླིང་ནང་དྲང་བདེན་དང་
འཚེ་བ་མེད་པའི་ལམ་ལ་ཕེབས་བཞིན་པའི་སྐྱེ་བོ་ཁྲི་ཕྲག་མང་པོས་རྒྱབ་སྐྱོར་དང་སྨོན་ལམ་གསུང་གིན་ཡོད། ཅེས་དང་།
ད་རེབ་ང་ཚོ་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་མར་མེ་ཁྲོམ་སྐོར་གནང་དགོས་པའི་རྒྱུ་མཚན་ནི། གོང་དུ་དྲངས་
པའི་བོད་ནང་གི་རྒྱལ་གཅེས་པ་འདས་གསོན་ཡོངས་དང་། ལྷག་པར་ཁམས་དཀར་མཛེས་ཀྱི་བཙུན་མ་དབྱངས་སྐྱིད་
སྒྲོལ་མ་ལགས། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཕ་ཡུལ་དུ་རྒྱ་གཞུང་ལ་ཞི་རྒོལ་གནང་སྟེ། རྒྱ་གཞུང་གིས་བཙོན་འཇུག་
དང་ཚད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་མཐར། ཟླ་འདིའི་ཚེས་ ༥ ཉིན་སྨན་ཁང་དུ་འདས་གྲོངས་
སུ་གྱུར་ཡོད་སྟབས། རྒྱལ་གཅེས་པ་ཁོང་རྣམས་ཀྱི་སེམས་ཤུགས་དང་སྤོབས་པ། ལ་ཞེན་བཅས་ལ་གུས་བཏུད་དང་།
ཁོང་རྣམས་ཀྱི་བཀའ་དྲིན་དང་མཛད་རྗེས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ལ། ལྷག་དོན་རྐྱེན་
འདས་སུ་སོང་བའི་རྒྱལ་གཅེས་པ་ཁོང་རྣམས་དལ་བའི་རྟེན་བཟང་འཐོབ་པའི་ཆེད། བཅོས་མིན་གྱི་སྨོན་ལམ་གྲངས་
མེད་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
———
Back