ཁ་རྩོད་ཆེན་པོ་བྱུང་བ

13/12/2009 11:06

ཨ་རི་དང་རྒྱ་ནག་གི་སྐུ་ཚབ་ཕན་ཚུན་དབར་ཁ་རྩོད་ཆེན་པོ་བྱུང་བ 

དེང་སྐབས་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་ཚུགས་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་

སྤྱིའི་ཚོགས་འདུ་དེ་མ་ཚུགས་སྔོན་ཨ་མི་རི་ཀ་དང་རྒྱ་ནག་ཕན་ཚུན་བསྟོད་རེས་རྫོགས་རྒྱུ་མེད་པ་ཞིག་བྱས་ཡོད་

ན་ཡང་ཚོགས་འདུ་དངོས་གཞི་ཚུགས་སྐབས་ཡུལ་གྲུ་གཉིས་ཀྱི་སྐུ་ཚབ་ཕན་ཚུན་དབར་ཁ་རྩོད་ཆེན་པོ་བྱུང་བཞིན་

ཡོད་འདུག།

ཨ་མི་རི་ཀ་དང་རྒྱ་ནག་གཉིས་ནི་འཛམ་གླིང་ནང་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་གཏོང་མཁན་གྱི་དུག་རྫས་མང་

ཤོས་གློད་མཁན་གྱི་ཡུལ་གྲུ་གཉིས་དེ་ཡིན་ཞིང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་ཐེ་བས་ཡར་རྒྱས་

འགྲོ་བཞིན་པའི་ཡུལ་གྲུ་ཚོར་དུག་རྫས་ཉུང་དུ་གཏོང་རྒྱུར་གུན་སྲབས་སྤྲོད་དགོས་པ་བརྗོད་བཞིན་ཡོད་པ་དང་ཨ་

མི་རི་ཀའི་ངོས་ནས་རྒྱ་ནག་ནི་ཨ་རིའི་ཌོ་ལར་ཐེར་འབུམ་སྟོང་ཕྲག་ལྷག་བཀར་འཇུག་ཡོད་མཁན་ཞིག་ཡིན་པས་

གུན་སྲབས་ཐོབ་པའི་ཡུལ་རྩ་བ་ནས་མིན་པ་བརྗོད་བཞིན་ཡོད་པ་རེད།

གང་ལྟར་ཁོར་ཡུག་གི་ཚོགས་ཆེན་འདིའི་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ནས་སོ་སོའི་ཡུལ་གྲུའི་ནང་གི་མི་

སེར་གྱི་བསམ་ཕྱོགས་ལ་དམིགས་ཏེ་ཧ་ཅང་མཁྲེགས་བཟུང་ཆེ་བའི་ལངས་ཕྱོགས་བཟུང་བཞིན་ཡོད་པ་དྲ་རྒྱའི་

ཐོག་ཁོར་ཡུག་དང་འབྲེལ་བའི་གསར་འགྱུར་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་ཨི་ས་བེལ་ཧིལ་ཊོན་གྱིས་གསུངས་

འདུག ད་དུང་ཁོང་གིས་རྒྱ་ནག་གིས་ཚོགས་འདུ་མ་ཚུགས་སྔོན་གཏམ་བཤད་སྤེལ་བ་དང་ཚོགས་འདུའི་སྐབས་

གཏམ་བཤད་སྤེལ་ཕྱོགས་དབར་ཧ་ཅང་གི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པ་གསུངས་ཤིང་ཁོར་ཡུག་གི་ཚོགས་

ཆེན་འདི་མ་ཚུགས་སྔོན་རྒྱ་ནག་གཞུང་གིས་གཏམ་བཟང་ཤ་སྟག་བརྗོད་དེ་ཧ་ལམ་རྒྱ་ནག་གི་ངོས་ནས་དུས་ཚོད་

རྒྱས་བཅད་ཅིག་གི་ནང་ཚུད་དུག་རླངས་ཀྱི་ཚད་གཞི་ངེས་ཅན་ཞིག་གི་བར་ཉུང་དུ་གཏང་རྒྱུའི་གྲ་སྒྲིག་ཡོད་ལུགས་

ཡང་བརྗོད་ཡོད་ཀྱང་ད་ལྟ་ཚོགས་འདུ་དངོས་གཞིའི་སྐབས་ལངས་ཕྱོགས་ཧ་ཅང་གི་མཁྲེགས་བཟུང་ཅན་ཞིག་བཟུང་

བཞིན་འདུག་ཅེས་འགྲེལ་བརྗོད་གནང་འདུག།

ཨ་མི་རི་ཀའི་སྲིད་འཛིན་སྦ་རག་ཨོ་སྦ་མས་ཀྱང་རྒྱ་ནག་གི་ངོས་ནས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་བསྐྲུན་རྒྱུར་

རེ་བ་ཆེན་པོ་གནང་ཞིང་སྲིད་འཛིན་རྒྱ་ནག་ཏུ་ཕེབས་རྗེས་ཕྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་

ལོ་བཅུའི་ནང་ཚུད་ད་ལྟའི་དུག་རླངས་གཏོང་བའི་ཚད་གཞི་དེ་ཕྱེད་ཀ་ཙམ་ཉུང་དུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་ལུགས་

བརྗོད་ཡོད་པ་རེད་ འོན་ཀྱང་ད་ཆ་ཚོགས་འདུ་དངོས་གཞིའི་སྐབས་རྒྱ་ནག་ནི་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་

ཡིན་ལུགས་བརྗོད་པའི་དར་ཆེན་འཕྱར་སྟེ་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གི་དམིགས་ཡུལ་གཙོ་བོ་ནི་སོ་

སོའི་མི་སེར་གྱི་འཚོ་བའི་ཆུ་ཚད་ཡར་རྒྱས་གཏོང་ཐབས་དེ་ཡིན་དགོས་ལུགས་ནན་བཤད་བྱེད་བཞིན་ཡོད་པ་རེད།

ཡང་ཨ་མི་རི་ཀའི་ངོས་ནས་གལ་ཏེ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་ཡུལ་གྲུ་རྒྱ་ནག་དང་རྒྱ་གར་ལྟ་བུས་མཁའ་རླུང་

སྦག་བཙོག་བཟོ་བའི་དུག་རླངས་ཉུང་དུ་གཏོང་ཐབས་ཐད་འགན་འཁུར་ཆེ་ཙམ་མ་ལེན་ཚེ་ཨ་མི་རི་ཀའི་ངོས་ནས་

དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་རྒྱུའི་གན་རྒྱ་གང་ཞིག་ལ་ཡང་ཁས་ལེན་བྱེད་ཐབས་མེད་པ་བརྗོད་བཞིན་

ཡོད་པ་རེད།། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།