སྲོག་ཆད་དང་ཚེ་བཙོན།

10/04/2009 18:56

བོད་པར་དྲང་བདེན་མིན་པའི་སྲོག་ཆད་དང་ཚེ་བཙོན།

བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་སྔར་ལོའི་ཞི་རྒོལ་ཁྲོད་མེར་རྒྱག་གསོད་རྡུང་བྱེད་མཁན་ཡིན་པའི་གི་ཉེས་འཛུགས་འོག སྲོག་ཆད་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དེར། བོད་གཞུང་བཀའ་ཤག་གིས་བློ་ཡུལ་ལས་འདས་པའི་གནད་དོན་ཡིན་པ་དང། དྲང་བདེན་མིན་པའི་ཁྲིམས་ཆད་ཡིན་པའི་སྐྱོན་བརྗོད་བྱས་ཡོད།

 

ཚེས་ ༩ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་གཞུང་བཀའ་ཤག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཁག་ཅིག་གི་ཐད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ལ།  གསར་འགོད་གསལ་བསྒྲགས་དེའི་ནང། ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲིམས་ཁང་ཞིག་གིས་སྔར་ལོ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་རྒོལ་ཁྲོད་ཞུགས་མཁན་བོད་མི་གཉིས་ལ་སྲོག་ཁྲིམས་གཅོད་རྒྱུ་དང༌། བོད་མི་གཞན་གཉིས་ལ་ལོ་ ༢ ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་དེར། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཁྲིམས་ལུགས་གཞི་རྩར་འཛིན་སའི་ཁྲིམས་ཁང་གཅིག་ཀྱང་མེད་སྟབས། བོད་གཞུང་བཀའ་ཤག་ཐུགས་འཚབ་ཆེན་པོ་ཡོད་ཚུལ་བརྗོད་འདུག་ལ། དེ་མིན། རྒྱ་ནག་གཞུང་ལ་སྔར་ལོའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་པའི་བོད་མི་ཚོ་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པ་དང༌། བོད་མི་དེ་གཉིས་ལ་དྲང་བདེན་དང་ཚུལ་མཐུན་གྱི་ཁྲིམས་བཤེར་ཐག་གཅོད་དགོས་པ། རྒྱ་བོད་གཉིས་བར་གྱི་དཀའ་རྙོག་སེལ་བར་ཐོག་མར་རྒྱ་ནག་གཞུང་གིས་བོད་མི་ཚོར་དྲང་བདེན་དང་བརྩི་བཀུར་གཞི་རྩར་འཇོག་དགོས་པ་བཅས་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཚང་མས་རོགས་འདེགས་ཡོང་བར་འབོད་སྐུལ་ཞུས་འདུག

 

གསར་འགོད་གསར་བསྒྲགས་དེའི་ཐོག་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གསུངས་དོན། འཛམ་གླིང་འདིའི་སྒང་གི་དྲང་བདེན་དང་ཁྲིམས་ལུགས་ལ་བརྩི་འཇོག་གནང་མཁན་ཚོས་སྲོག་ཁྲིམས་གཅོད་རྒྱུའི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། མཐའ་གཅིག་ཏུ་ངོ་རྒོལ་ཡང་བྱེད་ཀྱིན་ཡོད། སྲོག་ཁྲིམས་གཅོད་རྒྱུ་དེ་ལས་བསླ་བོ་དང་སྒྲུབ་ཆོག་ཆོག་ཅིག་མེད་ཀྱང༌། རྒྱ་ནག་ནི་འཛམ་གླིང་ནང་བཙོན་པ་སྲོག་ཐོག་ལ་གཏོང་མཁན་མང་ཤོས་ཆགས་ཡོད། གཞིས་ལུས་བོད་མི་ཚོ་དབང་སྒྱུར་འདིའི་འོག་ཏུ་འཚོ་བ་རོལ་གྱིན་ཡོད་ལ། བོད་ནང་གི་གནས་སྟངས་ཐབས་སྐྱོ་བོ་དེ་ང་ཚོ་ཚང་མས་གསལ་བོ་ཤེས་ཀྱིན་ཡོད། སེམས་ནང་ལ་བཟོད་ཐབས་མེད་པའི་སྡུག་བསྔལ་འབྱུང་གིན་འདུག དེར་བརྟེན། རང་དབང་ལུང་བར་ཡོད་པའི་བོད་པ་མི་རེ་ངོ་རེ་ནས་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་དང་རྒྱབ་སྐྱོར་འཚོལ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་བྱུང༌།

 

ཞི་རྒོལ་ནང་ཚོང་ཁང་གཉིས་མེར་བསྲེགས་བཏང་སྐབས། ཚོང་བདག་ཙུ་རེན་ཆུན་རྐྱེན་ལམ་དུ་གཏོང་མཁན་གྱི་ཉེས་འཛུགས་བྱས་ཡོད་པའི་བློ་བཟང་རྒྱལ་མཚན་དང༌། སྦག་སྦག་ཚོང་ཁང་ཞིག་ལ་གཏོར་རྒོལ་གྱིས་སྦྱིན་བདག་བཟའ་ཚོ་གཉིས་དང་བུ་གཅིག   དེ་མིན་ལས་བྱེད་གཉིས་བཅས་མི་ ༥ རྐྱེན་ལམ་དུ་གཏོང་མཁན་གྱི་ཉེས་འཛུགས་བྱས་ཡོད་པའི་བློ་ཡར་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་ཡོད་པ་དང༌། དེ་མིན་བློ་ཡར་གྱི་རོགས་པ་གཅིག་ལ་ལོ་ ༢ ཕྱིར་འགྱངས་ཀྱིས་སྲོག་ཆད་དང། གཞན་དེ་ལ་ཚེ་བཙོན། བསྟན་འཛིན་ཕུན་ཚོགས་ཞུ་བ་ཞིག་གིས་རྒྱ་མིའི་ཚོང་ཁང་མེར་བསྲེགས་བཏང་སྐབས། སྦྱིན་བདག་གི་བུ་རྐྱེན་ལམ་དུ་བཏང་པའི་ཉེས་འཛུགས་འོག སྲོག་ཆད་ཕྱིར་འགྱངས་ཀྱིས་ཁྲིམས་བཤེར་བྱ་འཆར་ཡོད་འདུག གཞན། ཁྲིམས་ཁང་དེས་གསུམ་གཅིག་བཞིའི་དོན་རྐྱེན་ཁྲོད་མི་ ༥ རྐྱེན་ལམ་ཕྱིན་པའི་གྱོད་དོན་བརྩད་གཅོད་བྱེད་ཀྱིན་ཡོད་སྐོར་གསར་ལམ་ཁག་ལ་གནས་ཚུལ་སྤེལ་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།